སྲིད་སྐྱོང་མཆོག་གིས་བོད་དོན་ཞུ་གཏུག་དོན་དང་ལྡན་པ་ཡོང་བར་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་གལ་ཆེ་བ་གསུང་འདུག

ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་ཞུས་པའི་ཨེ་ཤེ་ཡ་དང་ཨོསི་ཊར་ཨེ་ཤེ་ཡ་(Australasia)་ཨོསེ་ཁྲོ་ལི་ཡའི་མངའ་ཁུལ་གྱི་བོད་དོན་ཚོགས་འདུའི་ཚོགས་བཅར་བ་རྣམས་ལ་བོད་དོན་ཞུ་གཏུག་དོན་དང་ལྡན་པ་ཡོང་བར་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་གལ་ཆེ་བ་གསུངས་འདུག་པ་དང་དྲི་བར་ལན་འདེབས་གནང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༣ཉིན་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་གོ་སྒྲིག་གནང་བའི་ཨེ་ཤེ་ཡ་དང་ཨོསི་ཊར་ཨེ་ཤེ་ཡ་(Australasia)་མངའ་ཁུལ་གྱི་བོད་དོན་ཚོགས་འདུ་འཚོགས་ཡོད་པ་དང་། དེའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་ངོ་བོ་དང་འཕེལ་རིམ། དབུ་མའི་ལམ་དེ་བཞིན་མང་མོས་བསམ་ཚུལ་བསྡུ་ལེན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་རྒྱལ་སྤྱི་དང་རྒྱ་ནག་ནང་གི་གནས་སྟངས་རྒྱུས་ལོན་གནང་གལ་ཆེ་བ་མ་ཟད། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཞིབ་འཇུག་གནང་གལ་ཆེ་བ། དེ་དང་འབྲེལ་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྟེང་ཞུ་གཏུག་དང་དྲིལ་བསྒྲགས་སྔར་ལྷག་ཡོང་ཆེད་སྐབས་བཅུ་དྲུག་པའི་བཀའ་ཤག་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དབུ་འཛུགས་གནང་སྟེ་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་རིགས་ཡོངས་ནས་ས་གནས་སྲིད་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཁག་ལ་བོད་དོན་ཞུ་གཏུག་བྱ་རྒྱུར་དམིགས་ཚད་བཟུང་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་འདུག
བོད་དོན་ཞུ་གཏུག་དོན་དང་ལྡན་པ་ཡོང་བར་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་གལ་ཆེ་བ་ལྟར། སྲིད་སྐྱོང་མཆོག་གིས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནི་བོད་རིགས་གཞོན་སྐྱེས་རྣམས་ནུས་པ་ལྡན་པ་བཟོ་ཆེད་ཡིན། གང་ཡིན་ཟེར་ན་ཕྱིའི་རྒྱབ་སྐྱོར་གྱི་རེ་བ་མ་བྱས་སྔོན་ལ་བོད་མི་རྣམས་དེར་མཉམ་ཞུགས་ཐུབ་པ་དགོས་པས་། དེའི་ཆེད་བོད་ཀྱི་ལོ་རྒྱུས་ཤེས་དགོས་པ་ཡིན། གལ་སྲིད་ཁྱེད་ཚོས་བོད་ཀྱི་ལོ་རྒྱུས་མ་ཀློག་ན། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ནམ། ཡང་ན་བོད་རིག་པར་ཉམས་ཞིབ་བྱེད་མཁན་ཕུད་གཞན་གྱིས་བོད་ཀྱི་ལོ་རྒྱུས་ཀློག་གི་མ་རེད་ཅེས་དང་། གལ་ཏེ། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་མ་ཀློག་ན་བོད་དོན་སྐོར་གྱི་ལོག་བཤད་ལ་ཁ་གཏད་གཅོག་མི་ཐུབ་པས། གྲ་སྒྲིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། གྲ་སྒྲིག་བྱེད་པར་དང་ཐོག་བོད་ཀྱི་ལོ་རྒྱུས་ཤེས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་ཡོད་འདུག
གཞན་ཡང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་དང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྣམ་གཉིས་ཀྱིས། འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག་དང་ལྷན་དུ་ཁོང་གི་གཟིམ་ཤག་ཏུ་མཇལ་འཕྲད་གནང་ཡོད་ཅིང་། དེའི་སྐབས་སྤྱི་འཐུས་ཚོགས་གཞོན་དང་སྤྱི་འཐུས་རྣམ་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་གར་བྱང་ཤར་ཁུལ་ལ་བོད་ཀྱི་ཁོར་ཡུག་གལ་གནད། མངའ་སྡེའི་གྲོས་ཚོགས་ནང་བོད་ཀྱི་ཁོར་ཡུག་ཐོག་གླེང་སློང་དང་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་འཇོག་གནང་ཡོང་བའི་རེ་སྐུལ་དང་དེ་བཞིན་ས་གནས་བོད་མིའི་གནས་སྟངས་འབྲེལ་བའི་དཀའ་ངལ་ཁག་ཅིག་གི་ཐོག་རོགས་རམ་ཡོང་བའི་རེ་སྐུལ་གནང་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།