སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གསར་འགོད་སློབ་གཉེར་བ་ཁག་ཅིག་ལ་བོད་དོན་གཏམ་བཤད་གནང་འདུག

2022.10.19
སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གསར་འགོད་སློབ་གཉེར་བ་ཁག་ཅིག་ལ་བོད་དོན་གཏམ་བཤད་གནང་འདུག སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གསར་འགོད་སློབ་གཉེར་བ་ཁག་ཅིག་ལ་བོད་དོན་གཏམ་བཤད་གནང་སྐབས། ༡༠།༢༩།༢༠༢༢
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་གསར་འགོད་སློབ་གཉེར་བ་ཁག་ཅིག་ལ་བོད་དོན་གཏམ་བཤད་གནང་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསུང་འདུག
འདི་ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་ཚོགས་ཁང་དུ། རྒྱ་གར་གྱི་གསར་འགོད་ལས་རིགས་སློབ་གཉེར་བ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བོད་དོན་གཏམ་བཤད་གནང་ནས། གནའ་དུས་ནས་འཕགས་བོད་བར་ལ་འབྲེལ་བ་བྱུང་སྟངས་དང་། རྒྱ་གར་ནས་བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་དར་འཕེལ་བྱུང་རིམ་སྐོར་ངོ་སྤྲོད། དེ་བཞིན་བོད་ནི་འཛམ་གླིང་གི་མཐོ་སྒང་དུ་གྲགས་པ་ལྟར་ཨེ་ཤེ་ཡའི་གཙང་པོ་ཆེ་གྲས་མང་པོའི་འབྱུང་ཁུངས་ཡིན་ནའང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་བོད་ཀྱི་ཆུ་ཆེན་ཁག་གི་སྟེང་ཆུ་མཛོད་གློག་ཁང་བརྒྱབ་སྟེ་གཙང་པོའི་བཞུར་རྒྱུན་ལ་འགྱུར་བ་བཏང་བ་མ་ཟད། འབག་བཙོག་ཅན་དུ་བསྒྱུར་སྟབས་ཆུ་བོ་དེ་དག་ལ་བརྟེན་ནས་འཚོ་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་མང་ཁྲི་ཕྲག་མང་པོའི་འཚོ་བར་དོ་ཕོག་འགྲོ་གི་ཡོད་སྐོར་སོགས་གསུངས་འདུག

Sikyong Penpa Tsering interacts with students of Journalism from Delhi School of Journalism (2).jpg
ད་དུང་སྲིད་སྐྱོང་མཆོག་གིས། དེང་སྐབས་མི་མང་པོས་གནམ་གཤིས་འགྱུར་ལྡོག་གི་ངན་འབྲས་སྐོར་ཤོད་ཀྱི་ཡོད་ནའང་བོད་ཀྱི་སྐོར་ཤོད་མཁན་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། འཛམ་གླིང་དམག་ཆེན་གསུམ་པ་ཆུའི་རྐྱེན་བྱས་ཏེ་རྒྱག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ། མ་འོངས་པར་ཆུའི་གནད་དོན་དེ་གལ་གནད་ཆེན་པོར་འགྱུར་ངེས་ཡིན་པ་དང་། ད་ལྟ་ང་ཚོ་བོད་མི་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་རེད། གལ་ཏེ་བོད་ཀྱི་ཁོར་ཡུག་ལ་བདག་གཅེས་མ་བྱས་ན་ཁོར་ཡུག་གི་སྐྱབས་བཅོལ་བ་མང་པོ་ཆགས་སྲིད་པ་རེད་ཅེས་སོགས་གསུངས་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་རྒྱ་རག་གཞུང་དམངས་ཀྱི་བཀའ་དྲིན་ལ་བརྟེན་རྒྱ་གར་ནང་དུ་བོད་མི་གཞིས་ཆགས་པའི་བརྒྱུད་རིམ་དང་། བཙན་བྱོལ་ནང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་བསྐྱར་འཛུགས་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། བོད་རྒྱ་འབྲེལ་མོལ་བྱུང་རིམ་དང་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཐོག ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་འབྲེལ། བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེང་སྐབས་རྒྱལ་ཁབ་འགའ་ཤས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་བཞིན་ཕྱོགས་གཞན་ནས་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱབ་འགལ་ཆགས་ཀྱི་ཡོད་ཅེས་སོགས་གཏམ་བཤད་འགྲུབ་རྗེས་རྒྱ་གར་གྱི་སློབ་ཕྲུག་དང་དགེ་རྒན་རྣམས་ཀྱི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
རྒྱལ་ས་ལྡི་ལིར་ཡོད་པའི་གསར་འགོད་ལས་རིགས་སློབ་གྲྭའི་སློབ་གཉེར་བ་༢༦དང་དགེ་རྒན་གཉིས་བཅས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་པའི་བཞུགས་སྒར་ཁུལ་གྱི་སློབ་གྲྭ་དང་། ཚོགས་སྡེ་ཁག་ཏུ་ཤེས་རིག་ལྟ་སྐོར་སླད་ཕེབས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎