སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག

2023.10.02
སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷ་ར་ཛིལ་(Brazil)་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ། ༡༠།༠༡།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་༩བའི་ཚེས་༣༠་ཉིན། ཇར་མན་ནིའི་རང་དབང་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཨའོསི་ཊིརི་ཡ་དང་(Austria)་དང་། ཇར་མན་ནིའི་(Germany)་གྲོས་ཚོགས་འཐུས་མི་བདུན་ལས་གྲུབ་པའི་ཡོ་རོབ་མཉམ་འབྲེལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་བརྒྱུད་རིམ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕེལ་རིམ་རྒྱུས་ལོན་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་སྐབས་དེར་བཙན་བྱོལ་བོད་མི་རྣམས་ཀྱིས་ཉིན་རེ་བཞིན་དཀའ་ངལ་ཁག་ལ་གདོང་ལེན་གྱིས་བོད་དོན་འཐབ་རྩོད་གནང་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་འབད་བརྩོན་གནང་བཞིན་པ་སོགས་གསུངས་འདུག
དེའི་རྗེས་ད་ལྟ་སྲིད་སྐྱོང་མཆོག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆེ་ཁག་བཞིའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་དང་། དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས། ལྷོ་ཨ་མི་རི་ཀའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་དེ་ཡིན་པ་རེད། Sikyong penpa tsering (1).jpg

ཕྱི་ཟླ་༡༠བའི་ཚེས་༡ཉིན་བྷ་ར་ཛིལ་(Brazil)་གྱི་གྲོང་ཁྱེར་སའོ་པོ་ལོའི་ནང་ཕེབས་སྐབས། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། བྷ་ར་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་དབུ་འཛིན་སོགས་ཀྱིས་ཕེབས་བསུ་གནང་འདུག ཉིན་དེར་(Longevidade Expo + Forum)་ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་སྟེ། ལྷན་ཚོགས་དེའི་འགན་འཛིན་སྐུ་ཞབས་(Walter Feldman)་ལགས་དང་། ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་སྐུ་ཞབས་(Francisco Santos)་ལགས། དེ་བཞིན་ཚོགས་མི་ཁག་གཅིག་དང་ལྷན་མཇལ་མོལ་གནང་ཡོད་འདུག ཉིན་རྒྱབ་བྷ་ར་ཛིལ་བོད་ཁང་དུ་ཆེད་ཕེབས་ཀྱིས་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ལྷན་མཇལ་མོལ་གནང་རྗེས། དེ་གའི་གསར་ཁང་(Indian Eye)་ཞེས་པའི་བཅའ་འདྲིར་དང་ལེན་གནང་འདུག
ད་རེས་སྲིད་སྐྱོང་མཆོག་གིས་སྤྱི་ཟླ་༡༠བའི་ཚེས་༡ནས་༢བར་བྷ་ར་ཛིལ་(Brazil)་དང་། ཚེས་༣་ནས་༤བར་ཀོསུ་ཊ་རི་ཀ་(Costa Rica) ཚེས་༥ནས་༦བར་ཀོ་ལོམ་བྷི་ཡ་(Colombia) ཚེས་༧ནས་༡༡་བར་མེག་སི་ཀོ་(Mexico)་བཅས་ཀྱི་ནང་གཞུང་དོན་འཚམས་གཟིགས་གནང་རྒྱུ་ཡིན་འདུག
དེ་ནས་སྲིད་སྐྱོང་མཆོག་བྱང་ཨ་རིའི་ནང་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་ལྟར། བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་གསུངས་ན། ད་རེས་སྲིད་སྐྱོང་མཆོག་བྱང་ཨ་རིར་གཞུང་དོན་ཕྱོགས་ཕེབས་རིང་། དེ་སྔ་མ་བཅར་སའི་ཨ་རིའི་མངའ་སྡེ་འདྲ་མིན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་གཟིགས་ཞིབ་དང་། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཐུག་འཕྲད་མཇལ་འཛོམས་གནང་རྒྱུ་དང་། དེ་བཞིན་བློ་འདོན་ལྟེ་གནས་ཁང་དང་། གསར་འགྱུར་ལམ་ཁག གཙུག་ལག་སློབ་གྲྭ་བཅས་སུ་ཕེབས་རྒྱུའི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གནས་ཚུལ་ལྟར་ན། སྤྱི་ཟླ་༡༠བའི་ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎