ང་ཚོས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད། སྲིད་སྐྱོང་མཆོག་གིས།

2023.09.27
ང་ཚོས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲིའི་སྐབས།
དྲ་བཤུས།/StratNewsGlobal

དེ་ཡང་ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་གྱི་ཕྱི་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ཕེབས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྲིད་སྐྱོང་མཆོག སྤྱི་འཐུས་ཚོགས་གཞོན་མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་ཀྱི་སྐོར་རྒྱུས་ལོན་གནང་འདུག་ལ། རྒྱ་གར་གྱི་(India Narrative)་གསར་ཁང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བོད་རྒྱ་འབྲེལ་མོལ་རྒྱུན་རིང་བྱུང་མེད་པའི་གནས་སྟངས་དང་། ད་ལྟའི་སྐབས་འབྲེལ་ལམ་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ། སྲིད་སྐྱོང་མཆོག་གིས། ད་ལྟའི་ཆར་ང་ཚོས་བརྒྱུད་ལམ་གཞན་ཞིག་གི་ལམ་ནས་རྒྱ་ནག་དང་འབྲེལ་ལམ་ཐབས་ཤེས་བྱེད་བཞིན་པ་ཡིན། བརྒྱུད་ལམ་དེ་བརྒྱུད་ཐོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བསྐྱར་གསོ་གནང་ཐབས་བྱ་རྒྱུ་དེ་ཡིན། བརྒྱུད་ལམ་དེ་ཡང་གཞུང་དང་གཞུང་མིན་པར་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་གཞན་གྱི་ལམ་ནས་ཐབས་ཤེས་བྱེད་བཞིན་པ་ཡིན་མོད། མཇུག་འབྲས་གང་འདྲ་ཞིག་ཡོང་མིན་ད་ལྟ་ཞུ་རྒྱུ་ཧ་ཅང་སྔ་དྲགས་པ་ཞིག་རེད་ཅེས་བཀའ་ལན་གནང་འདུག
ད་དུང་སྲིད་སྐྱོང་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ནི། རྒྱ་ནག་གི་ཁྲིམས་དང་མཐུན་པའི་ཐོག་ནས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་གི་གནས་བབ་ཡོང་ཐབས་བྱེད་རྒྱུ་དེ་ཡིན་པ་དང་། རྒྱ་ནག་གཞུང་གི་དགོངས་པ་ག་རེ་ཡོད་མེད་ནི་གསལ་པོ་མེད་པ་གསུངས་འདུག
ཡང་འདི་ཚེས་༢༦ཉིན༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། རྒྱ་གར་གྱི་གསར་འགོད་པ་ཚོར། ང་ཚོས་བོད་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཞེས་བསྐྱར་དུ་བཀའ་གནང་ཞིང་། དེ་རྒྱ་ནག་དང་ཁ་བྲལ་མིན་པར་མི་མང་ས་ཡ་མང་པོར་ཆབ་སྲིད་ཀྱི་ཐོག་ནས་ཕན་ཐོགས་ཡོང་ངེས་ཡིན་ཞེས་བཀའ་ལན་གནང་འདུག་པ་དང་། ཡང་༧གོང་ས་མཆོག་གིས་མགོན་པོ་གང་ཉིད་བོད་གངས་ཅན་ལྗོངས་སུ་ཕྱིར་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་གསུངས་གནང་འདུག
ཡང་རྒྱ་གར་གྱི་གསར་འགོད་པས། སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་བཀའ་ལན་དུ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གདོང་ལེན་བྱ་དགོས་པ་དེ་འདྲ་ཏན་ཏན་ཡོད་ཀྱང་ ཕྱོགས་གཉིས་ཀས་ལྷག་བསམ་རྣམ་དག་ངང་བསམ་བློ་གུ་ཡངས་བཏང་བ་ཡིན་ན། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པ་དེ་འདྲ་གང་ཡང་མེད་པ་རེད། བོད་དེ་དེ་སྔ་རང་བཙན་རྒྱལ་ཁབ་ཞིག་ཡིན་པའི་ལོ་རྒྱུས་ལ་ནི་འགྱུར་བ་གཏོང་ཤེས་ཐབས་མེད། ༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས། འདས་པའི་ལོ་ངོ་ཁ་ཤས་ནས་བཟུང་། བོད་མི་ཚོས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་དང་མཉམ་རུབ་ཀྱི་ཐོག་ནས་ཐུན་མོང་གི་དཀའ་ངལ་སེལ་ཐབས་སུ་ལྷན་ཚོགས་དེ་འདྲ་གནང་བཞིན་ཡོད་པ་དང་། དེང་སང་རྒྱལ་སྤྱིའི་ནང་འཕྲད་བཞིན་པའི་དཀའ་ངལ་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་ སྲུང་སྐྱོབ་སོགས་ཀྱི་ཐོག་བློ་འཚབ་བྱ་མཁན་རྒྱལ་ཁབ་མང་དུ་འགྲོ་བཞིན་ཡོད་པ་སོགས་གསུངས་འདུག
ཡང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཕྱི་ཚེས་༢༦ཉིན་རྒྱ་གར་གྱི་ཕྱི་འབྲེལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྐབས། བོད་ནང་གི་བོད་ཕྲུག་ས་ཡ་གཅིག་མན་ཙམ་རྒྱ་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཅུགས་ནས་མི་རིགས་རྒྱ་བསྒྱུར་བྱེད་བཞིན་པ་སོགས་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། བོད་དོན་ཐོག་དྲང་བདེན་ལ་དགའ་མཁན་མང་པོས་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་སྟོན་བྱས་ཡོད་པ་གསུངས་བྱུང་།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎