རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་བོད་ལ་འཇུག་ཐབས་མེད། སྲིད་སྐྱོང་མཆོག་གིས།
དེ་ཡང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་གནོན་ཤུགས་རྒྱ་སྐྱེད་འགྲོ་བཞིན་པ་ནི་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་ཡོད་པ་ལྟར། འདི་ཚེས་༡ནས་༢བར་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་གདམ་ཀའི་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་ཏེ། རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཀྱི་དྲག་རྩུབ་ཅེས་བའི་བརྗོད་གཞིའི་ཐོག་རྒྱ་ནག་ཐད་ཉམས་ཞིབ་པ་དང་། ལྷག་པར་དུ་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་ཐོག་རྒྱུས་མངའ་ཆེ་བའི་མཁས་པ་ལྷན་འཛོམས་ཀྱིས་བགྲོ་གླེང་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་དོན་གཏམ་བཤད་གནང་ནས། རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་བོད་ལ་ནམ་ཡང་འཇུག་ཐབས་མེད་པ་ནན་བརྗོད་གནང་བ་དང་མཉམ། དེ་སྔའི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ཡི་ཕྱག་དེབ་ལས་གསུང་དུམ་ལུང་འདྲེན་གནང་སྟེ། རྒྱ་ནག་གཅིག་གི་སྲིད་བྱུས་དེ་བཞིན་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བར་དམིགས་ནས་བཟོས་བ་དང་། ཕྱི་ལོ་༡༩༧༠ཙམ་ནས་ཨ་རིས་རྒྱ་ནག་དང་ཐེ་ཝན་བར་འབྲེལ་བ་བྱེད་ཕྱོགས་ཀྱི་སྲིད་བྱུས་ཤིག་ལས་གྲུབ་ལ། ཕྱིས་སུ་རྒྱ་ནག་གི་འགོ་ཁྲིད་རིམ་པས་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་སྐབས། རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱ་དགོས་པའི་བཙན་སྐུལ་བཏང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དེ་བོད་ལ་འཇུག་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོག་འགྲེལ་བྱས་ཏེ་རྒྱལ་ཁབ་གཞན་ནས་བོད་དང་འབྲེལ་བ་བྱེད་པར་དམ་དྲག་གི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་འགྲེལ་བརྗོད་གནང་ཡོད་འདུག
བགྲོ་གླེང་ཐོག་ཐེ་ཝན་དུ་རྟེན་གཞི་བྱས་པའི་(College of International and National Defense Affairs)་ཞེས་རྒྱལ་སྲུང་དང་འབྲེལ་བའི་མཐོ་སློབ་ཀྱི་སློབ་དཔོན་འབུམ་རམས་པ་ལྕམ་(Lin Hsiao-Chen)་ལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་འགྱུར་ལྡོག་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། ཁོང་མོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དང་པོ་ཐོག་མར་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་ཐེ་ཝན་དང་འབྲེལ་ནས་ལག་བསྟར་བྱས་བ་རེད། ད་ཆ་རིམ་པས་བོད་དང་། ལྷོ་རྒྱ་ནག་རྒྱ་མཚོ། སིན་ཀ་ཀུ་མཚོ་གླིང་། ཐ་ན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་ལ་ཡང་འཇུག་ཐབས་ལག་བསྟར་བྱེད་མུས་རེད། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱེད་འཇུག་གི་ཡོད་པ་དང་། གལ་ཏེ་མ་བྱས་ཚེ་ཚོང་སོགས་ཀྱི་འབྲེལ་ལམ་ཐོག་དམ་དྲག་དང་། ཡུལ་སྐོར་སྤྲོ་འཆམ་པར་མཐོང་མཆན་མི་སྤྲོད་པ། དེ་བཞིན་འབྲེལ་ལམ་བཀག་པ་སོགས་བྱས་ནས་གནོན་ཤུགས་ཤུགས་ཆེ་སྤྲོད་བཞིན་ཡོད་པ་གསུངས་ཀྱི་འདུག
དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་(American Enterprise Institute) ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་(Michael Mazza)་ལགས་ཀྱི་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་ཐད་གསུང་བཤད་གནང་སྐབས། ང་རང་གི་གོ་རྟོགས་ལྟར་ན། ཨ་མི་རི་ཀའི་གཞུང་ཕྱོགས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་གང་ཡིན་མིན་དང་དངོས་ཡོད་ཐ་སྙད་ཀྱི་འགྲེལ་བཤད་ཡོད་པའི་ཡིག་ཆ་གཅིག་ཀྱང་མེད་པ་རེད། དོན་དངོས་ཐོག་རྒྱ་ནག་གཅིག་གི་སྲིད་བྱུས་ནི་པེ་ཅིང་གཞུང་དང་རྒྱུན་སྲོལ་ལྟར་ཕྱི་འབྲེལ་འབྲེལ་ལམ་བཞག་པ་རེད། ཨ་མི་རི་ཀའི་རྒྱ་ནག་གཅིག་གི་སྲིད་བྱུས་ནི་ཨ་རི་རང་གི་སྲིད་བྱུས་ཞིག་རེད། དེ་ནི་ཨ་རིའི་གཞུང་ཕྱོགས་ནས་གསལ་བཤད་བྱེད་རྒྱུ་དང་ཨ་རིའི་གཞུང་ཕྱོགས་ནས་ལག་ལེན་དང་བསྐྱར་བཅོས་བྱེད་ཀྱི་རེད་བཅས་གསུངས་གནང་སོང་།
ཡང་ཧྥེ་ལེམ་གཙུག་ལག་སློབ་གཉེར་ཁང་(FLAME University)་གི་ལྷོ་དང་ལྷོ་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འབྲེལ་ཡོད་སློབ་དཔོན་(Roger Chi Feng Liu)་ལགས་ཀྱིས་རྒྱ་ནག་གིས་རྒྱ་ནག་གཅིག་ཟེར་བའི་རྩ་འཛིན་བརྒྱུད་ཐེ་ཝན་དང་དེའི་ཕྱི་སྲིད་ལ་གནོན་ཤུགས་སྐོར་གཏམ་བཤད་གནང་བའི་སྐབས། ད་ལྟའི་ཐེ་ཝན་གྱི་རྩ་ཁྲིམས་ནང་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ངོས་ལེན་བྱེད་ཀྱི་ཡོད་པ་དེ་འགོག་རྐྱེན་ཆེ་ཤོས་ཤིག་ཡིན། གལ་ཏེ། དེ་ལ་འགྱུར་བ་གཏོང་ཐབས་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་དྲག་པོའི་ཡ་ལན་སྤྲོད་སྲིད་པ་རེད། རྒྱ་གར་གྱི་མི་སྣ་ཁ་ཤས་ཀྱིས་ཐེ་ཝན་དང་ཨ་རུ་ན་ཅལ་གཙོས་པའི་རྩོད་རྙོག་ཅན་གྱི་ས་ཁུལ་ཁག་གཅིག་རྒྱ་གར་གྱི་ཆ་ཤས་ཡིན་པ་ངོས་འཛིན་བྱ་རྒྱུའི་སློབ་སྟོན་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་ཐེ་ཐེ་ཝན་གྱིས་དེ་ལྟར་ཡོངས་གྲགས་སུ་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན། འདི་ནི་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་རྩོད་ལེན་བྱེད་པ་ལྟ་བུ་རེད། འདི་ལྟ་བུའི་དཀའ་ངལ་རིགས་ང་ཚོས་བསམ་ཞིབ་བྱ་དགོས་པ་དང་ཡིན་ན་ཡང་དཀའ་ངལ་དེ་དག་ནས་ང་ཚོ་ཐར་མ་ཐུབ་ཡག་ཞིག་ཀྱང་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།
དེ་བཞིན་(Shiv Nadar University)་གཙུག་ལག་སློབ་གྲྭ་ཆེན་མོའི་ཧི་མ་ལ་ཡའི་ཐུན་མོང་མ་ཡིན་པའི་ལེགས་བྱ་ལྟེ་གནས་ཁང་གི་གཙུག་ལག་སློབ་དཔོན་(Jabin Jacob)་ལགས་ཀྱིས།
རྒྱ་ནག་གཞུང་གིས་ཚོང་དོན་དང་ཆབ་སྲིད་ཀྱི་མཐོ་རིམ་མི་སྣ་སོགས་དང་འབྲེལ་ལམ་རྒྱུན་མཐུད་རྒྱུའི་ཆེད་དུ་འབད་རྩོན་གང་ཐུབ་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བའི་ལས་འཆར་ཁག་མདུན་ཕྱོགས་སུ་ཕུལ་རྒྱུའི་ཆེད་དུ་དོ་སྣང་དང་ནུས་པ་གང་ཡོང་འདོན་བཞིན་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་རྣམ་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འོག་རྒྱ་རིགས་ཁག་བགོས་འགྲེམས་ཀྱིས། ཕྱི་རྒྱལ་ས་གནས་ཁག་ཏུ་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་ཁྱབ་སྤེལ་དང་དེ་དྲིལ་བསྒྲགས་བྱེད་བཞིན་ཡོད། དཔེར་ན། བྷང་ལ་དྷེ་ཤེ་ནང་རྒྱ་ནག་གཞུང་ཚབ་ཁང་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་མཉམ་ལས་ཐོག་ནས་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་གསུངས་གནང་སོང་།
གཞི་རྩའི་རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེ་ནི། ཕྱི་ལོ་༡༩༤༩ལོར་རྒྱ་ནག་ནང་ནང་འཁྲུག་མཇུག་སྒྲིལ་ཏེ། གོ་མིན་ཏང་སྲིད་གཞུང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕྱིར་འཐེན་གྱིས། ཐེ་ཝན་དུ་གནས་སྤོས་ཀྱིས་སྲིད་གཞུང་འཛིན་བྱས་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་༡༩༧༢ལོར་ཨ་རི་དང་རྒྱ་ནག་གཉིས་བར་གཞུང་འབྲེལ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་རྒྱལ་ཁབ་གཅིག་ལས་མེད་པ་དང་། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བཀོད་པ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་དང་འབྲེལ་མོལ་སྐབས། རྒྱ་ནག་གཅིག་ཟེར་བའི་སྲིད་བྱུས་དེར་ངོས་ལེན་ཡོང་ཆེད་འབད་བརྩོན་གནང་དང་གནང་མུས་ཡིན་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།