རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ལོག་འགྲེལ་བྱེད་བཞིན་འདུག སྲིད་སྐྱོང་མཆོག་གིས།

སྤྱི་ཟླ་༧པའི་ཚེས་༣༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཝཱ་རཱ་ཎ་སཱིར་ཡོད་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཚམས་གཟིགས་གནང་ཏེ་དགེ་ལས་སློབ་ཕྲུག་ཡོངས་འཛོམས་སར་བོད་དོན་གཏམ་བཤད་གནང་བ་དང་། དགེ་རྒན་དང་ལས་བྱེད་ལྷན་དུ་ཚོགས་འདུ་ཚོགས་ཏེ་གཙུག་ལག་སློབ་གཉེར་ཁང་གི་གལ་གནད་སྐོར་དང་། ལྷག་དོན་སློན་གཉེར་ཁང་དེ་ནས་བོད་ཀྱི་ཆོས་དང་རིག་གཞུང་གཙོ་བོར་གྱུར་བའི་རྒྱ་གར་གྱི་གནའ་བོའི་ཤེས་རིག་རྒྱུན་འཛིན་དར་འཕེལ་གཏོང་བཞིན་པར་བསྔགས་བརྗོད་གནང་ཡོད་པ་སོགས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ལས་ཚབ་སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གནས་ཚུལ་ལྟར་ན། སྲིད་སྐྱོང་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་འཛོམས་སར་བཀའ་ཤག་སྐབས་བཅུ་དྲུག་པའི་ཉེ་བའི་ལས་དོན་བྱེད་ཕྱོགས་དང་། མ་འོངས་བའི་འཆར་གཞི་དམིགས་ཡུལ། ལྷག་དོན་ལས་དོན་ཚང་མ་སྤྱི་ནོར་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུར་ཤར་བསྐྱོད་གནང་བཞིན་པའི་སྐོར་སོགས་གཏམ་བཤད་གནང་བ་དང་། ཚོགས་ཞུགས་པའི་དྲི་བར་ལན་འདེབས་གནང་ཡོད་འདུག
གཏམ་བཤད་སྐབས་སྲིད་སྐྱོང་མཆོག་གིས། བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་ན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ལོག་འགྲེལ་བྱས་ཏེ་འཛམ་བུ་གླིང་གི་མི་མང་མགོ་སྐོར་གཏོང་ཐབས་བྱེད་བཞིན་འདུག དེ་བས་བོད་མི་ཚོས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་སློབ་གཉེར་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ཀྱི་ལོ་རྒྱུས་དངོས་དེ་འགྲེལ་བརྗོད་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་ཁྲིམས་འགལ་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ར་སྤྲོད་ཡོང་ཐབས་འབད་བརྩོན་ལྷོད་མེད་བྱ་ངེས་ཡིན་པ་སོགས་གསུངས་ཡོད་འདུག
ཝཱ་རཱ་ཎ་སཱིར་ཡོད་པའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ད་ལྟའི་ཆར་དགེ་ལས་སློབ་ཕྲུག་ཁྱོན་བསྡོམས་༥༥༠་ཙམ་ཡོད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།