སྲིད་སྐྱོང་མཆོག་གིས་སྦིར་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
འདི་ཚེས་༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་རྒྱ་གར་བྱང་ཕྱོགས་སྦིར་ས་གནས་སུ་ཕེབས་ནས། ཁུལ་དེའི་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དགོན་པ་དང་། འབྲི་རུ་ས་སྐྱ་དགོན་པ། ནང་ཆེན་ཅོན་ཏ་ར་བུ་མང་དགོན་པ། སྡེ་དགེ་ཟབ་གསང་དགོན་པ། སྡེ་དགེ་རྫོང་སར་དགོན་པ་བཅས་སུ་གནས་གཟིགས་དང་། ཉེ་འཁོར་གྱི་བོད་མིའི་གཞིས་ཆགས་ཁག་དང་། སློབ་གྲྭ། བཟོ་གྲྭ་སོགས་ཚོགས་སྡེ་ཁག་བཅས་སུ་རེ་རེ་བཞིན་དངོས་སུ་ཕེབས་ནས་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་ཡོད་ཚོར་མཇལ་འཕྲད་དང་མཉམ་གནས་སྟངས་རྒྱུས་ལོན་གནང་ཡོད་པ་མ་ཟད། ཁག་སོ་སོར་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།
ཚེས་༧ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱི་སྐབས་དང་པོའི་སྨན་རྩིས་སློབ་གཉེར་བ་རྣམས་སློབ་ཐོན་དང་། ཉམས་གསོག བསྙེན་མཚམས་བཅས་ཡོངས་སུ་གྲུབ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ནས། སྲིད་སྐྱོང་མཆོག་གིས། ལས་ཀ་བྱེད་སྐབས་སྒྲོམ་གཞི་ཡག་པོ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྨན་རྩིས་ཁང་གིས་སྒྲིག་འཛུགས་ཀྱི་ངོ་བོ་ཐོག་ནས་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་འགྲིག་གི་མེད་པ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་སྨན་རྩིས་ཁང་གི་སྨན་དང་རྩིས་ཀྱི་སྡེ་ཚན་གཉིས་གང་མགྱོགས་བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ནང་སླེབས་ཐབས་ཞུ་རྒྱུ་ཡིན་ཞེས་དང་། ད་སྐབས་སྨན་པ་མང་དུ་འགྲོ་བཞིན་ཡོད་སྟབས་དེ་དང་མཉམ་དུ་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་ཤུགས་ཆེ་རུ་གཏོང་དགོས་པ་རེད་མ་གཏོགས་མ་འོངས་པར་དཀའ་ངལ་འཕྲད་ངེས་རེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གི་དགོངས་པ་རྒྱ་ཆེན་པོ་ཡོད་པ་དེ་ང་ཚོ་ཚང་མས་རྒྱུན་སྐྱོང་གནང་དགོས་ཞེས་སོགས་གཏམ་བཤད་གནང་འདུག
སྐབས་དེར་མཛད་སྒོར་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་དང་། ཤེས་རིག་དྲུང་ཆེ། འཕྲོད་བསྟེན་དྲུང་ཆེ། ཁྱུང་པོ་རྒྱལ་སྟོན་རིན་པོ་ཆེ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྲུལ་མཁན་སློབ་དང་དགེ་ལས་རྣམ་པ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས། རྒྱ་གར་གྱི་ཚེ་ཡི་རིག་བྱེད་པ་རྣམ་པ། དེ་བཞིན་སྦིར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས། སྨན་པ་ལྷན་ཚོགས་ཀྱི་ཚོགས་གཞོན་ཆོས་ལོ་ཐར་སོགས་ཕེབས་ཡོད་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།