སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྡི་ལིར་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་༢༡་དང་༢༢་སོ་སོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་འདུག
འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་༥་ཚེས་༢༧་ཉིན་སྲིད་སྐྱོང་གི་མཛད་འཁུར་བཞེས་པའི་རྗེས་ཕྱི་འབྲེལ་ཕྱོགས་བསྐྱོད་གནང་པ་ཐོག་མ་དེ་ཡིན་ཞིང་། ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་གནད་ཡོད་དཔོན་རིགས་མི་འདྲ་བ་ལྔ་ཙམ་དང་མཇལ་འཕྲད་གནང་འདུག ཁོང་གིས་གསུངས་ན་མཇལ་འཕྲད་དེ་དག་ཧ་ཅང་ཡག་པོ་བྱུང་འདུག་པར་མ་ཟད། བཀའ་བསྡུར་ལྷུག་པོ་བྱུང་འདུག་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་གི་མ་འོངས་པའི་ལས་འཆར་ཁག་འབྲེལ་ཡོད་དཔོན་རིགས་སོ་སོར་སྙན་སེང་ཞུས་འདུག
དཔོན་རིགས་དེ་དག་མཇལ་འཕྲད་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་ལྷན་བཅར་ཞུས་འདུག་ཅིང་། འོན་ཀྱང་དཔོན་རིགས་སུ་དང་མཇལ་མིན་སོགས་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད།
ཕྱི་ལོ་༡༩༥༩་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་འབུམ་ཕྲག་གཅིག་ཙམ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། རྒྱ་གར་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐད་ཐུགས་ཁུར་ཧ་ཅང་ཆེན་པོ་བཞེས་བཞིན་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་དཔོན་རིགས་དང་ལས་བྱེད་པའི་བར་འབྲེལ་ལམ་དམ་ཟབ་གནས་མུས་ཡིན་པ་རེད།
རྒྱ་གར་གཞུང་གི་རོགས་རམ་དང་མཐུན་འགྱུར་མེད་ན། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ། རིས་མེད་ཀྱི་ཆོས་སྡེ་དེ་དག་བཙུགས་ཐུབ་ཐབས་བྲལ་བ་ཡིན་པ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
སྲིད་སྐྱོང་མཆོག་འདི་ཚེས་༢༣་ཉིན་བཞུགས་སྒར་རྡ་རམ་སཱ་ལར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག