སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མི་མང་ལ་གཞུང་འབྲེལ་གཏམ་བཤད་ཐོག་མ་གནང་།

2021.05.27
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མི་མང་ལ་གཞུང་འབྲེལ་གཏམ་བཤད་ཐོག་མ་གནང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ༥།༢༧།༢༡
tibet.net

སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་ཀྱིས་གཞུང་འབྲེལ་གསུང་བཤད་དང་པོའི་སྐབས་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ན་འཛམ་གླིང་ལ་རྩོད་རྙོག་ཞི་འགྲིག་གི་མིག་དཔེ་བཟང་པོ་ཡོང་རེ་ཡོད་པ་གསུངས་སོང་།
བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མི་མང་གིས་ཐད་ཀར་འོས་འདེམས་གནང་བ། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་༡༦་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། སྤྱི་ཟླ་༥་པའི་ཚེས་༢༧་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་ནས། ལས་ཁུར་གྱི་གསང་བའི་དམ་འབུལ་ཕུལ་གྲུབ་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བརྙན་ལམ་བརྒྱུད་མི་མང་ལ་དམ་འབུལ་གསུང་བཤད་གནང་སྐབས། བཀའ་ཤག་གི་ལས་འགན་གཙོ་བོ་ནི། དཀའ་ཉེན་འོག་ཚུད་པའི་བོད་དང་བོད་མིའི་ཛ་དྲག་གི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་དང་། དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། བོད་ཕྱི་ནང་གི་མང་ཚོགས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་མཉམ་དུ་བོད་རྒྱ་གཉིས་ཕན་དང་། འབྲེལ་གཏུག་གྲོས་མོལ།
འཚེ་མེད་ཞི་བ་བཅས་ཀྱི་རྩ་དོན་གཞི་རྩར་བཞག་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ན།
འཛམ་གླིང་སྟེང་རྩོད་རྙོག་ཞི་འགྲིག་ལ་མིག་དཔེ་བཟང་པོ་ཡོང་རྒྱུའི་རེ་བ་འཛིན་གྱི་ཡོད་ཅེས་གསལ་སྟོན་གནང་གི་འདུག
གཞན་ཡང་ཁོང་གིས་མཐར་ཐུག་གི་དཀའ་ངལ་སེལ་མ་ཐུབ་བར་དུ། ང་ཚོས་གཞིས་ལུས་བོད་མིའི་མགྲིན་ཚབ་པ་བྱས་ཏེ། སོ་སོའི་ནུས་རྩལ་ཡོད་ཚད་མཉམ་སྤུངས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ་དང་། རྒྱ་ནག་གི་ནོར་འཁྲུལ་སྲིད་ཇུས་ཐེར་འདོན།
༧གོང་ས་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གྱི་ཐུགས་རེ་འགྲུབ་ཐབས་ལ་རམ་འདེགས་ཞུ་སླད།
རྒྱ་ནག་གཞུང་ལ་འབྲེལ་མཐུད་ཞུ་སྒོ་གང་ཡོང་བྱ་རྒྱུ་སོགས་གསུང་གི་འདུག
བཀའ་ཤག་གི་ངོས་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེ་མཐོང་དང་བརྩི་བཀུར་ཞུས་ཏེ།
ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ནུས་ལྡན་ལམ་ལྷོང་འབྱུང་བར་མཐུན་འགྱུར་གང་ཡོང་ཞུ་རྒྱུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས། གྲོས་ཚོགས་ཀྱི་ལས་དོན་ཁག་ལ་མཐུན་འགྱུར་གང་ཡོད་ཞུ་རྒྱུ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་རང་དབང་ལ་དོ་ཕོག་མ་སོང་བའི་སྒོ་ནས་ལས་དོན་ཡར་རྒྱས་ཚགས་ཚུད་ཀྱི་ཕྱོགས་སུ་འགྲོ་བར་མཐུན་འགྱུར་སྦྱར་རྒྱུ། གསར་འགྱུར་བརྒྱུད་ལམ་ཁག་མིང་དོན་མཚུངས་པའི་མང་གཙོའི་ཀ་བ་བཞི་པ་ཆགས་ཐབས་སུ་འཛིན་སྐྱོང་གི་ངོས་ནས་རང་དབང་དང་ཆེ་མཐོང་ཕུལ་བའི་ཐོག་ནས་སྒྲིག་འཛུགས་ཀྱི་མཐུན་རྐྱེན་གང་ཡོད་སྦྱར་རྒྱུ་མ་ཟད། གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ལ་ལུང་ཚན་དང་ཆོས་བརྒྱུད། ལྟ་བ་ལངས་ཕྱོགས་ཀྱི་དབྱེ་བ་མེད་པར་ནུས་པ་མཉམ་སྤུངས་བྱེད་ཕྱོགས་གོ་བསྡུར་བྱ་རྒྱུ་སོགས་གསུང་གི་འདུག
གཞན་ཡང་ཁོང་ནས་བཀའ་བློན་རྣམ་པ་དང་ལས་བྱེད་ཚང་མ་མང་ཚོགས་ལ་སྲི་ཞུ་ཞབས་འདེགས་སྒྲུབ་མཁན་ཡིན་པའི་ངོས་འཛིན་གསལ་བོ་བཟོ་དགོས་པ་དེ་ཧ་ཅང་གལ་ཆེན་རེད། དེའི་ཐོག་ནས་ལས་དོན་བྱེད་སྐབས་ཀྱང་མང་ཚོགས་ལ་སྲི་ཞུ་སྒྲུབ་པའི་དམིགས་ཡུལ་མ་དོར་བའི་ལས་ཀ་བྱེད་དགོས་པ་བཀོད་མངགས་ནན་པོ་གནང་གི་ཡིན་པ་གསལ་སྟོན་གནང་གི་འདུག་ཅིང་། མི་མང་གིས་ཐར་ཀར་འོས་འདེམས་ཀྱི་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་མཆོག་ནི། སྤྱི་ལོ་༢༠༠༡་ལོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་གནང་མགོ་བཙུགས་པ་ནས་བཟུང་། བཀའ་བློན་ཁྲི་པའམ་སྲིད་སྐྱོང་འོས་འདེམས་གནང་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎