སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་ནང་གི་གཟིགས་སྐོར་ལེགས་པར་འགྲུབ་འདུག

2023.05.17
སྲིད་སྐྱོང་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་ནང་གི་གཟིགས་སྐོར་ལེགས་པར་འགྲུབ་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མཚོ་པདྨ་སོགས་སུ་གཟིགས་སྐོར་སྐབས། ༠༥།༡༦།༢༠༢༣
CTA

ཉེ་ལམ་སྤྱི་ཟླ་༥པའི་ཚེས་༩ནས་བཟུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སིམ་ལ་དང་ཀུ་ལུ་མ་ནཱ་ལི་སོགས་སུ་བོད་མི་གནས་ཡུལ་ཁག་ནང་དངོས་སུ་བཅར་ནས་ཕྱོགས་བསྐྱོད་གཟིགས་ཞིབ་གནང་ཡོད་པ་དང་། ཚེས་༡༧ཉིན་གྱི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མཚོ་པདྨ་ནས་ཕེབས་ཐོན་གྱིས་བཀྲ་ཤིས་ལྗོངས་གཞིས་ཆགས་སུ། ཐོག་མར་ཁམས་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དགོན་པར་གནས་གཟིགས་དང་། དེ་ནས་བཀྲ་ཤིས་ལྗོངས་གཞིས་ཆགས་སུ་གནས་སྡོད་བོད་རིགས་མང་ཚོགས་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས། ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀ་རཱར་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་བཅས་སུ་གནས་གཟིགས་གནང་སྟེ། ཐེངས་འདིའི་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་། མན་ཌི། ཀངྒ་ར་རྫོང་ཁོངས་བཅས་ཀྱི་བོད་མིའི་འདུ་སྡོད་ཁག་ལ་འཚམས་གཟིགས་ཡོངས་སུ་ལེགས་འགྲུབ་ཀྱིས་རྡ་རམ་སཱ་ལར་ཕེབས་ཐོན་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

347109398_628916105467097_4092226335723431622_n.jpg
དེའི་སྔོན་ཕྱི་ཚེས་༡༦ཉིན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་མཚོ་པདྨ་ཁུལ་གྱི་ཁ་འཐོར་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཀྱི་ཐོག་མར་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པར་གནས་གཟིགས་དང་། དེའི་རྗེས་མཚོ་པདྨའི་ས་གནས་འབྲེལ་མཐུད་པའི་ལས་ཁུངས་སོགས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་ཕེབས་ཡོད་པ་མ་ཟད། གནས་མཆོག་མཚོ་པདྨར་གནས་གཟིགས་དང་། མཚོ་པདྨ་དབུ་རྩེ་རི་ཁྲོད་དང་། གུ་རུའི་སྐུ། འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་དགོན་པ། ཟངས་མདོག་དཔལ་རི། ཨོ་རྒྱན་ཧེ་རུ་ཀའི་རྙིང་དགོན་བཅས་སུ་རིམ་པས་གནས་གཟིགས་སུ་ཕེབས་ཡོད། ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚོ་པདྨ་ཁུལ་དུ་གནས་སྡོད་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་སྐབས། གཙོ་བོ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་སྤྱིའི་སྐོར་དང་། ལྷག་པར་བཀའ་ཤག་སྐབས་བཅུ་དྲུག་པས་བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་གནང་གི་ཡོད་པ། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གསར་འཛུགས་གནང་བ། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་པ། བོད་པའི་གཞོན་སྐྱེས་རྣམས་རྒྱ་གར་གྱི་གྲོང་ཁྱེར་དང་ཕྱི་རྒྱལ་ཁག་ཏུ་བསྐྱོད་དང་སྐྱོད་བཞིན་པར་བརྟེན་གཞིས་ཆགས་སྲ་བརྟན་ཡོང་བར་ཐུགས་འཚབ་ཡོད་པ། སྡོད་ཁང་མེད་མཁན་རྣམས་ཀྱི་གྲངས་ཐོ་བསྡུ་རུབ་དང་ཞིབ་འཇུག་གནང་སྟེ་དཀའ་ངལ་སེལ་ཐབས་གནང་བཞིན་པ་སོགས་ཀྱི་སྐོར་གསུང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
ཚེས་༡༥ཉིན་གྱི་སྔ་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སྤོན་ཌོ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་སྐབས་དེར་སུན་མཚོ་མན་གསུམ་དང་སྤོན་ཌོ་བཀྲ་ཤིས་གླིང་གི་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱི་འགོ་ལས་ཁག་དང་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་སྲིད་སྐྱོང་མཆོག་སྤོན་ཌོ་བཀྲ་ཤིས་གླིང་བྱང་ཆུབ་ལྷ་ཁང་དུ་མཆོད་མཇལ་དང་། ས་གནས་འགོ་འཛིན་ལས་ཁུངས་སོགས་ལས་ཁུངས་ཁག་གཟིགས་ཞིབ་འགྲུབ་རྗེས་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྤོན་ཌོ་བཀྲ་ཤིས་གླིང་ནས་མན་ཌིར་ཕེབས་ཐོན་གྱིས་ས་གནས་བོད་མིའི་ཁྲོམ་ས་དང་། མན་ཌི་ཁུལ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་རེད།
ད་རེས་སྲིད་སྐྱོང་མཆོག་གི་ཕྱོགས་བསྐྱོད་འཚམས་གཟིགས་སྐབས་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Sukhvinder Singh Sukhu)་ལགས་དང་། ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་བཅས་ལ་མཇལ་འཕྲད་གནང་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎