སྲིད་སྐྱོང་མཆོག་གིས་ནོར་ཝེ་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་དང་སི་ཀོཊ་ལན་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་འགྲུབ་ནས། ཕྱི་ཟླ་ལྔ་པའི་ཚེས་གཅིག་ཉིན་སྲིད་སྐྱོང་མཆོག་ནོར་ཝེ་ཡི་རྒྱལ་ས་ཨོ་སི་ལོ་(Oslo)་ཕེབས་འབྱོར་བྱུང་ཡོད་པ་དང་། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ནོར་ཝེ་ལ་ཕེབས་འབྱོར་བྱུང་མ་ཐག་ས་གནས་ཀྱི་བོད་མི་རྣམས་དང་མཇལ་འཕྲད་གཏམ་བཤད་གནང་རྒྱུ་དང་། དེ་ནས་ནོར་ཝེ་གཞུང་གི་མཐོ་རིམ་མི་སྣ་དང་གྲོས་ཚོགས་འཐུས་མི་ཁག་བཅས་དང་རིམ་པས་མཇལ་མོལ་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་བྱུང་།
ཚེས་༡ཉིན་སྲིད་སྐྱོང་མཆོག་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་གནམ་ཐང་དུ་ཕེབས་འབྱོར་སྐབས། ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དབང་ཕྱུག་ལགས་དང་། ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Norwegian Tibet Committee)་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་ལྕམ་(Merethe Lind Jodalen)་ལགས། ས་གནས་བོད་རིགས་མང་ཚོགས་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་གནང་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས། ནོར་ཝེ་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སི་ཀོཊ་ལན་ཌའི་(Scotland)་ནང་ཉིན་གཉིས་རིང་གི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་མཛད་རིམ་ཁག་འགྲུབ་པའི་རྗེས་ཕྱི་ཚེས་༢༩ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཕེབས་འབྱོར་གྱིས། ཁུལ་དེར་གནས་སྡོད་བོད་ཪིགས་གཞོན་སྐྱེས་རྣམས་དང་ཐུགས་འཕྲད་གནང་སྟེ་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་དང་། དེ་བཞིན་བོད་ནི་འཛམ་གླིང་གི་སྣེ་གསུམ་པ་དང་། ཨེ་ཤེ་ཡའི་རྒྱ་མཚོའི་འབྱུང་ཁུངས་ཡིན་པ་མ་ཟད། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་སྐོར། བོད་ཀྱི་ཁོར་ཡུག་གནས་སྟངས། བོད་དོན་འཐབ་རྩོད་ཐོག་བོད་རིགས་གཞོན་སྐྱེས་ཚོས་འགན་ཆེ་ཙམ་བཞེས་ཕྱོགས་སོགས་ཀྱི་ཐད་གཏམ་བཤད་གནང་བ་དང་། གཞོན་སྐྱེས་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག
དེའི་རྗེས་སྲིད་སྐྱོང་མཆོག་གིས་ལོན་ཌོན་ཁུལ་དུ་གནས་སྡོད་བོད་མི་རྣམས་དང་མཇལ་འཕྲད་གསུང་བཤད་གནང་བ་དང་། སྐབས་དེར་འདུ་འཛོམས་ཐོག་བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་། སྐུ་ཚབ་དོན་གཅོད་ཟུར་པ་ཚེ་རིང་བཀྲིས་ལགས་རྣམ་གཉིས་ཆེད་བཅར་གནང་ཡོད་འདུག
ཚེས་༣༠ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལོན་ཌོན་བོད་ཀྱི་སྐད་ཡིག་དང་། རིག་གཞུང་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་ནོར་ཝེ་ནང་གི་འཚམས་གཟིགས་འགྲུབ་རྗེས་ཕྱི་ཟླ་༥བའི་ཚེས་༣ཉིན་ཌན་མག་(Demmark)་ནང་ཕེབས་རྒྱུ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ནང་བོད་དོན་གཏམ་བཤད་གནང་རྒྱུ། གསར་ལམ་ཁག་ལའང་བཀའ་མོལ་གནང་འཆར་ཡོད་འདུག དེ་ནས་ཚེས་༥ཉིན་ཇར་མན་ནིར་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།