སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་(Jim McGovern)་ལགས་དང་མཇལ་མོལ།

དེ་ཡང་ཉིན་འདི་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༢༧ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་བོད་དོན་མཇལ་མོལ་གནང་ཡོད་པ་རེད།
མཇལ་མོལ་རྗེས་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་དང་ནམ་རྒྱུན་མཇལ་འཕྲད་སྐབས། བོད་དོན་ཐད་དོ་སྣང་ཆེན་པོ་གནང་བཞིན་པ་ལྟར་ད་རེས་མཇལ་མོལ་སྐབས་བཀའ་མོལ་ཡག་པོ་བྱུང་ལ་ང་ཚོས་ག་རེ་བྱེད་དགོས་ཡོད་ན་མགྱོགས་པོ་བྱས་ནས་བྱེད་དགོས་ཞེས་དོ་སྣང་ཆེན་པོས་བཀའ་མོལ་གནང་བྱུང་། རིམ་པས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)་ལགས་དང་མཇལ་མོལ་སྐབས་ཡང་ཁོ་རང་ཕེབས་ཀྱི་རེད། དེ་དུས་མུ་མཐུད་ནས་ང་ཚོས་བོད་དོན་བཀའ་མོལ་གནང་འཆར་ཡོད་པ་གསུངས་བྱུང་།
ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ན། ཁོང་གིས་བོད་མིའི་འཐབ་རྩོད་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་བཟང་དུ་སོང་ནས། བོད་རྒྱ་གྲོས་མོལ་མྱུར་དུ་སླར་གསོ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུངས་བྱུང་།
མཇལ་འཕྲད་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས། ད་དུང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ལྷན་བཅར་ཞུས་ནས། ད་བར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་གནས་སྟངས་ངོ་སྤྲོད་དང་མཉམ། སྤྱི་ནོར་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་སྒོ་ཀུན་ནས་རྒྱབ་སྐྱོར་ཤུགས་ཆེ་ཙམ་གནང་རྒྱུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་བར་རང་དབང་ཡོང་ཐབས་གནང་དགོས་བའི་འབོད་སྐུལ་ཞུས་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།