སྲིད་སྐྱོང་མཆོག་ཁེ་ཎ་ཌ་དང་ཨ་རི་གཉིས་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་ཁེ་ཎ་ཌར་ཕེབས་འབྱོར་བྱུང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌ་དང་ཨ་རི་གཉིས་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་འདི་ཚེས་༥ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་(Pearson)་གནམ་ཐང་དུ་ཕེབས་འབྱོར་སྐབས། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་མི་མང་མི་ཉུང་བ་ཞིག་གིས་ཕེབས་བསུ་སྣེ་ལེན་ཞུས་གནང་སོང་།
སྐབས་དེར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། སྲིད་སྐྱོང་མཆོག་ད་ཐེངས་བྱང་ཨ་རིའི་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་དོན་གཙོ་བོ། ཨ་རིའི་གྲོས་ཚོགས་གོང་མིའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་འཚོལ་ཐབས་དང་གཏན་འབེབས་ཡོང་ཐབས་ཆེད་ཡིན་པ་དང་། ཞོར་དུ་ཁེ་ཎ་ཌའི་ནང་འཚམས་གཟིགས་སུ་ཕེབས་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་རྒྱུ་དང་། གཙུག་ལག་སློབ་ཆེན་ནང་གཏམ་བཤད། བོད་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་ངོ་སྤྲོད་གནང་བྱུང་།

མཛད་རིམ་ལྟར་ན། སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་༥ནས་༡༡་བར་ཁེ་ཎ་ཌའི་གྲོང་ཁྱེར་(Toronto)་དང་(Montreal)་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་༡༢ནས་༡༩བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington D.C.)་ཁུལ་དང་། ཨ་རིའི་མངའ་སྡེ་ཝར་མོན་ཌི་ (Vermont) བྷོ་སི་ཊོན་(Boston)་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་མཛད་རིམ་ཡོད་པ་རེད་འདུག
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།