སྲིད་སྐྱོང་མཆོག་གིས་ལི་ཐུཝི་ནི་ཡའི་ནང་གནད་ཡོད་མི་སྣ་དང་མཇལ་འཕྲད་སོགས་འཚམས་གཟིགས་འགྲུབ་ནས་དབྱིན་ཡུལ་དུ་ཕེབས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་བྱང་ཡོ་རོབ་ཀྱི་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་ནང་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༡་རེས་གཟའ་ཕུར་བའི་ཉིན་སྲིད་སྐྱོང་མཆོག་གིས་(Lithuania)་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་པ་དང་མཇལ་འཕྲད་དང་། གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན་གནང་ཡོད་པ་མ་ཟད། (Lithuania)་རྒྱལ་སའི་ནང་གི་བོད་ཐང་ལ་གཟིགས་སྐོར་གནང་པ་དང་། ད་དུང་སྲིད་སྐྱོང་མཆོག་གི་ངོ་ཤེས་རྙིང་པ་དང་དུས་ཡུན་རིང་པོར་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང མཁན་(Lithuania)་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ད་ལྟ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དངུལ་རྩིས་ལག་བསྟར་ཐོག་ལ་ལྟ་ཞིབ་གནང་མཁན་(Dr. Laima Andrikiene)་ལགས་དང་མཇལ་འཕྲད་གནང་ཡོད་པ་སོགས། སྲིད་སྐྱོང་མཆོག་གི་ད་རེས་ཀྱི་འཚམས་གཟིགས་གོ་སྒྲིག་ཞུ་མཁན་དབྱིན་ཡུལ་དང་ཡོ་རོབ་བྱང་མའི་ཁྱབ་ཁོངས་ཀྱི་ས་གནས་དང་འབྲེལ་ཆགས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ལི་ཐུཝི་ནི་ཡ་རྒྱལ་ཁབ་ནི་ཉེ་ལམ་ཕྱི་ཟླ་༡ཚེས་༢༣ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་བཀག་བསྐྱར་ཞིབ་གནང་སྐབས། བོད་དོན་གླེང་མཁན་རྒྱལ་ཁབ་༢༡ནང་ནས་གསར་ཤོས་ཤིག་ཡིན་པ་དང་། བོད་ནང་གི་སློབ་ཕྲུག་རྣམས་རྒྱ་ནག་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭར་བཅུག་པའི་གནད་དོན་ཐད་རྒྱབ་གཉེར་གནང་ཡོད་པ་རེད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསར་ལམ་ཁག་དང་གནད་ཡོད་མི་སྣར་མཇལ་འཕྲད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་དང་འདྲི་རྩད་གནང་སྐབས། (Lithuania)་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྐྱོན་བརྗོད་ཀྱིས་བོད་དོན་རྒྱབ་གཉེར་གནང་པ་དང་། ད་རེས་སྲིད་སྐྱོང་མཆོག་(Lithuania)་ནང་འཚམས་གཟིགས་གནང་སྐབས་མཛའ་བརྩེ་ལྡན་པའི་དགའ་བསུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་མི་དང་(Lithuania)་མི་དམངས་ཕན་ཚུན་བར་ཐོུང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། དེ་ནི་གཉིས་ཀ་དམར་ཤོག་རིང་ལུགས་ཀྱི་དབང་བསྒྱུར་འོག་ཏུ་དཀའ་སྡུག་མྱངས་པར་ཕན་ཚུན་གདུང་སེམས་མཉམ་སྐྱེད་བྱེད་རེས་བྱེད་པ་ཙམ་མ་ཡིན་པར། རྒྱ་ནག་དམར་ཤོག་ལ་ཁ་གཏད་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དེ་རེད་ཅེས་དང་། (Lithuania)་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་ནས་ཐེ་ཝན་གཞུང་འབྲེལ་གྱིས་ངོས་འཛིན་གནང་སྟེ་རྒྱ་ནག་གཞུང་གི་བརྙས་བཅོས་ཀྱི་བྱ་སྤྱོད་ཐད་དངོས་སུ་ངོ་རྒོལ་དང་ངོ་རྒོལ་གྱི་ལངས་ཕྱོགས་བརྟན་པོ་འཛིན་མཁན་རྒྱལ་ཁབ་ཅིག་ཡིན་པ་དེའི་རྐྱེན་པས་(Lithuania)་ནང་གི་རྒྱ་ནག་གཞུང་ཚབ་ཁང་སྒོ་རྒྱག་དགོས་པ་བྱུང་ཡོད། གང་ལྟར་(Lithuania)་ནི་རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་ལ་དཀའ་སྡུག་མྱོང་མཁན་གྱི་བོད་མིར་ཧ་ཅང་གི་ཚད་མཐོའི་གདུང་སེམས་མཉམ་སྐྱེས་གནང་མཁན་གྱི་རྒྱལ་ཁབ་ཅིག་རེད་ཅེས་གསུངས་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་དང་པོའི་ཚེས་༢༥ནས་ཕྱི་ཟླ་གཉིས་པའི་ཚེས་༡བར་(Estonia)་དང་། (Latvia) (Lithuania)་བཅས་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་གསུམ་དང་། (Finland)་བཅས་ནང་འཚམས་གཟིགས་ཡོངས་སུ་འགྲུབ་ནས། ཕྱི་ཟླ་གཉིས་པའི་ཚེས་༡ནས་༣བར་དབྱིན་ཡུལ་ནང་འཚམས་གཟིགས་གནང་རྒྱུ་དང་། དེའི་སྐབས་(Warwick Economic Summit)་ཞེས་བའི་དཔལ་འབྱོར་ལྷན་ཚོགས་ཀྱིས་གདན་ཞུ་ཕུལ་བ་ལྟར། (Warwick)་གཙུག་ལག་སློབ་ཆེན་གྱི་ལོ་འཁོར་ལྷན་ཚོགས་ཐོག་ལ་བོད་དོན་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག་ལ། དེ་ནི་ལྷན་ཚོགས་དེའི་ཐོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ་ཐོག་མར་འགྱུར་རྒྱུ་ཡིན་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།