སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་བ་དང་མཇལ་མོལ།

2024.11.06
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་བ་དང་མཇལ་མོལ། ཕྱི་ཚེས་༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྟ་དབང་དུ་ཆགས་པའི་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆོས་མཇལ་ཆིབས་བསྒྱུར་སྐབས།
དབུས་བོད་མིའི་སྒྲིག་འཛུགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཉིན་གྲངས་བཞིའི་རིང་ཨ་རུ་ཎཱ་ཅལ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པའི་སྐབས་འདིར་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་གིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག The Arunachal Times ཞེས་པའི་གསར་ཁང་གིས་ཕྱི་ཚེས་ ༥ཉིན་སྤེལ་བའི་གནས་ཚུལ་ནང།TSGAPའམ་ཨ་རུ་ནཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Tarh Tarak དང་སྤྱི་ཁྱབ་དྲུང་ཆེ་ Nima Sange ལགས་གཉིས་ཀྱིས་སྣེ་ཁྲིད་པའི་ཚོགས་མི་ཁག་ཅིག་བསྟན་འཛིན་སྒང་གཞིས་ཆགས་སུ་ཕེབས་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་མཇལ་འཕྲད་གནང་ཡོད་པས་མ་ཟད། བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་དང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག   སྐུ་ཞབས་Tarakལགས་ཀྱིས་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་བོད་མིའི་རང་དབང་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དང་། ཁུལ་དེར་གནས་སྡོད་བོད་མི་ཚོའི་བདེ་སྡུག་ཐད་གཟིགས་སྐྱོང་གནང་རྒྱུ་མ་ཟད་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་མང་ཚོགས་ཁྲོད་བོད་མི་དང་བོད་དོན་ཐད་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཞིག་རིམ་པས་གོ་སྒྲིག་གནང་འཆར་ཡོད་པ་གསུངས་འདུག

དེ་བཞིན་ཚོགས་གཙོ་Tarak ལགས་ཀྱིས་ཨ་རུ་ཎཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག་བོད་རྒྱ་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་པ་ཡང་གསུངས་འདུག

ཡང་སྲིད་སྐྱོང་མཆོག་ཟླ་བ་ ༡༡ ཚེས་ ༥རེས་གཟའ་མིག་མར་ཉིན་་སེ་ལ་ (Sela Tunnel) དུ་ཕེབས་འབྱོར་སྐབས་རྟ་དབང་ཐུབ་བསྟན་ཤེས་སྒྲུབ་གླིང་གི་སྤྲུལ་སྐུ་བསྟན་འགྱུར་རིན་པོ་ཆེ་མཆོག་དང་། རྟ་དབང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བླ་མ་བཀྲ་ཤིས་ཆོས་རྒྱལ་ལགས་གཙོས་པའི་བོད་མི་ཁག་ཅིག་ནས་ཕེབས་བསུ་ཞུས་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་འབུམ་སྡེ་ལ་ནས་རྟ་དབང་དུ་ཕེབས་ཐོན་སྐབས་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གི་ཆོས་རིག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ལྷན་བཅར་ཞུས་འདུག

སྲིད་སྐྱོང་མཆོག་ད་རེས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཉིན་གྲངས་༤རིང་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པའི་སྐབས་དེར་ལྷན་བཅར་ཞུས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་གི་ཟུང་དྲུང་བཀྲིས་བདེ་སྐྱིད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་སྤྱི་ཚེས་༥ཉིན་གྱི་སྲིད་སྐྱོང་གི་མཛད་རིམ་སྐོར་འགྲེལ་བརྗོད་གནང་ཡག་ལ་ཕྱི་ཚེས་ ༥ འི་ཉིན་རྒྱབ་སྲིད་སྐྱོང་མཆོག་རྟ་དབང་དུ་ཆགས་པའི་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆོས་མཇལ་དང་། འགྲེམས་སྟོན་ཁང་དུ་གཟིགས་སྐོར། དེ་ནས་ཉེ་ཆར་དབུ་འབྱེད་གནང་བའི་རྒྱ་གར་གྱི་དམག་དཔོན་ཟུར་པ་བོབ་ཁ་ཏིང་ལགས་ཀྱི་དྲན་རྟེན་འགྲེམས་སྟོན་ཁང་དུ་གཟིགས་སྐོར་དང་དེ་ནས་སྨན་རྩིས་ཁང་གསར་རྒྱག་གི་ལས་གཞི་དང་། སྨན་རྩིས་ཁང་གཉིས་སུ་གཟིགས་སྐོར་གནང་འདུག

དེ་རིང་སྤྱི་ཚེས་༦ཉིན་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོ་འཁྲུངས་ཡུལ་དུ་ཨྱོན་གླིང་དགོན་པ་དང་དེ་རྗེས་སེ་ར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དགོན་པ་བཅས་སུ་གནས་གཟིགས་གནང་རྗེས་ཐད་འཕུར་གནམ་གྲུ་བརྒྱུད་གྷོ་ཧ་ཊིར་ཕེབས་ཐོན་གྱིས་རིམ་བཞིན་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཤི་ལོང་ནང་ཕེབས་ཀྱི་ཡོད་སྐོར་ནང་སྲིད་ཟུང་དྲུང་བཀྲིས་བདེ་སྐྱིད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།།

 གསར་འགོད་པ། རིག་ལྡན་སྒྲོལ་མ།

  རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

  དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

  དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎