ཉི་ཧོང་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་སྲིད་སྐྱོང་མཆོག་གིས་འབོད་སྐུལ།

2022.09.23
ཉི་ཧོང་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་སྲིད་སྐྱོང་མཆོག་གིས་འབོད་སྐུལ། སྲིད་སྐྱོང་མཆོག་གིས་ཉི་ཧོང་དུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་བའི་བརྗོད་གཞིའི་ཐོག་བོད་དོན་གཏམ་བཤད་གནང་སྐབས། ༠༩།༢༣།༢༠༢༢
@jucojp

ཕྱི་ཟླ་༩བའི་ཚེས་༢༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉི་ཧོང་དུ་ཡོད་པའི་ཉི་ཧོང་བོད་ཁང་གིས་གོ་སྒྲིག་བྱས་པ། ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་དང་ཡུ་གུར། ལྷོ་སོག་པོ་བཅས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་དང་འབྲེལ། སྲིད་སྐྱོང་མཆོག་གིས། བོད་ནི་ལོ་རྒྱུས་སྟེང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཤད་མ་དགོས་པ་ཞིག་ཡིན་པ་དང་། ད་ལྟ་རྒྱ་ནག་གི་བཙན་གནོན་འོག་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཨ་རིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་བྱས་ཡོད་པ་ལྟར། མ་འོངས་པར་ཉི་ཧོང་གི་ངོས་ནས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་ཐུབ་པར་འབོད་སྐུལ་དང་། བོད་ཙམ་མ་ཡིན་པར་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་ཡུ་གུར་སོགས་ལ་བསྐོ་བཞག་ཐུབ་པ་ཡིན་ན་དགེ་ཕན་ཆེན་པོ་ཡོད་པ་གསུངས་འདུག
ཐེངས་འདིའི་ཚོགས་འདུའི་སྟེང་ལྷོ་སོག་པོ་དང་ཡུ་གུར་གྱི་སྐུ་ཚབ་མཉམ་ཞུགས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་དང་ལྷོ་སོག་པོའི་ནང་བཙན་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་ནས་གཏམ་བཤད་བྱས་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་སྲིད་དབང་སྒེར་གཅོད་འོག་ད་ལྟའི་ཆར་བོད་གཅིག་པུ་ཙམ་མ་ཡིན་པར་ཡུ་གུར་དང་ཧོང་ཀོང་སོགས་ཀྱིས་བཙན་གནོན་མྱོང་བཞིན་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ཡུ་གུར་བ་ཚོའི་རིག་རྫས་ཁྲག་རིགས་(DNA)་ལེན་བཞིན་ཡོད་པ་ལྟར། ད་ལྟའི་ཆར་བོད་མི་ཚོའི་རིག་རྫས་ཁྲག་རིགས་ལེན་བཞིན་པ་དང་། རྒྱ་ནག་གི་རིམས་ནད་རྩ་མེད་ཀྱི་སྲིད་བྱུས་ཟེར་བའི་འོག་བོད་མི་ཚོས་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་གི་ཡོད་པ། གཞན་ཡང་བོད་དང་ཡུ་གུར་གྱི་སྐད་ཡིག་གི་ཟབ་སྦྱོང་འཚོགས་རྒྱུ་སོགས་བཀག་འགོག་བྱེད་བཞིན་ཡོད་པ་སོགས་གསུངས་འདུག

sikyong penpa tsering japan1.JPG
འདི་ལོའི་ཕྱི་ཟླ་༢པར་ཉི་ཧོང་གི་གྲོས་ཚོགས་འོག་མའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་སྐོར་གྲོས་ཆོད་ཅིག་བཞག་པའི་ནང་། བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་ཐེབས་པ་སོགས་འཁོད་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཨ་རི་ལ་མཚོན་ན་ལོ་རེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་སྙན་ཐོ་འདོན་བཞིན་ཡོད་པ་ལྟར། སྙན་ཐོའི་ནང་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཚུད་ཀྱི་ཡོད་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་བ་དང་། དེ་བཞིན་ཉི་ཧོང་གི་སྲིད་བློན་ཟུར་བ་འདས་པོ་ཤིན་ཛོ་ཨ་བྷེ་ལགས་སུ་གུས་བཀུར་ཞུ་རྒྱུ་དང་། ངའི་རེ་བར་ཉི་ཧོང་མི་མང་ནས་སྲིད་བློན་འདས་པོ་ཁོང་གི་ཤུལ་བཞག་གི་རྗེས་སུ་འབྲངས་ཏེ། སྤྱི་མཐུན་གྱི་བསམ་བློ་བཏང་བ་ཡིན་ན་འཛམ་གླིང་ཡོངས་སུ་ཞི་བདེ་ཡོང་རྒྱུ་ཡིན་པ་སོགས་གསུངས་སོང་།
སྲིད་སྐྱོང་མཆོག་ཉི་ཧོང་དུ་ཕེབས་པའི་སྐོར་ལ། ཉི་ཧོང་གི་བོད་རང་དབང་ཚོགས་པའི་ཚོགས་གཙོ་(Yoko Ishi)་ལགས་ནས། སྲིད་སྐྱོང་མཆོག་དངོས་སུ་ཉི་ཧོང་དུ་ཕེབས་ཐུབ་པ་དེས་ཉི་ཧོང་དང་བོད་ཀྱི་འབྲེལ་ལམ་དང་། ཉི་ཧོང་གི་མཐོ་རིམ་འགོ་ཁྲིད་དང་མི་མང་བཅས་ལ་དངོས་སུ་ཐུག་འཕྲད་གནང་ཐུབ་པ་བྱུང་ཡོད་པ་དང་། ཕྱི་ལོ་༢༠༢༡ལོར་སྲིད་སྐྱོང་མཆོག་ནས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་གཏམ་བཤད་གནང་ཡོད་པ་དང་། ཉི་ཧོང་གཞུང་གིས་བོད་དོན་རྒྱབ་སྐྱོར་ལས་གཞིའི་ཁྲོད་རྒྱ་གར་ཧི་མ་ཅཱལ་ནང་ཡོད་པའི་བོད་མི་ཚོར་ཆུ་འཐེན་པའི་འཛུགས་སྐྲུན་ཞིག་གྲུབ་ཡོད་པ་དང་། ལས་གཞི་དེ་ཆུང་ཆུང་ཡོད་ན་ཡང་གལ་ཆེན་པོ་ཆགས་ཡོད་པ། མ་འོངས་པར་ང་ཚོས་བོད་དོན་རྒྱབ་སྐྱོར་བྱ་རྒྱུ་གཏན་ནས་མཚམས་འཇོག་མི་བྱེད་པར་ལས་གཞི་དེ་ལས་ཆེ་བ་ཡོང་ཐུབ་རྒྱུ་ཡིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཕྱི་ཚེས་༢༢ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཉི་ཧོང་གི་ཅི་བྷ་མངའ་སྡེའི་གཙུག་ལག་སློབ་གྲྭ་གཉིས་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ཀྱི་གནད་དོན་ངོ་སྤྲོད་དང་འབྲེལ་བོད་དོན་གཏམ་བཤད་གནང་བ་དང་། བོད་ཀྱི་ཁོར་ཡུག་དེ་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པ་དང་། དེ་ནི་ཨེ་ཤེ་ཡའི་ཆུ་སྣོད་ཆེ་ཤོས་དེ་ཆགས་ཀྱི་ཡོད་ཚུལ་དང་། དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཚགས་མྱོང་མེད་པར་བོད་རང་བཙན་གཙང་མ་ཡིན་པ་སོགས་གཏམ་བཤད་གནང་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་ཕྱི་ཚེས་༢༡ནས་༢༧བར་བདུན་ཕྲག་གཅིག་རིང་ཉི་ཧོང་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་། ཕྱིས་ཚེས་༢༡ཉིན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཡིན་པ་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལ་ཐུགས་འཁུར་གནང་བར་ཐུགས་རྗེ་ཞུས་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎