སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་མོལ་གནང་འདུག

འདི་ཚེས་༢༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གིས་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་གྲོས་ཚོགས་ནང་མཇལ་འཕྲད་གནང་ནས་བོད་དོན་གཏམ་བཤད་གནང་ཡོད་པ་དང་། ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Shimomura Hakubun)་ལགས་ཀྱིས་སྲིད་སྐྱོང་མཆོག་གཞུང་འབྲེལ་གྱིས་ཉི་ཧོང་དུ་ཕྱོགས་ཕེབས་ཐོག་མ་དེ་གནང་བར་འཚམས་འདྲི་དང་མཉམ་གྲོས་ཚོགས་ནང་ཕེབས་བསུ་བྱས་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་རིམ་པས་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་ཉེན་ཁ་ཆེ་ཤོས་ནི་རྒྱ་ནག་གཞུང་གིས་བོད་ཕྲུག་བྱིས་པ་བརྒྱ་ཆ་༨༠ ལྷག་བཅའ་སྡོད་སློབ་གྲྭ་ཁག་ཏུ་བསྐྱལ་བཅུག་ནས་རྒྱ་ཡིག་སྦྱོང་དུ་འཇུག་གི་ཡོད་པ་དེ་ཡིན་པ་དང་། བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་ལོ་༣ནས་༡༨ལ་སོན་པའི་བོད་པའི་སློབ་ཕྲུག་གྲངས་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་བའི་བཅའ་སྡོད་སློབ་གྲྭ་ཁག་གི་ནང་བཅུག་ནས་རྒྱ་སྐད་རྒྱ་ཡིག་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་ནི། བོད་པའི་ངོ་བོ་དང་བཅས་བ་རྩ་གཏོར་དུ་གཏོང་རྒྱུའི་དམིགས་ཡུལ་ཡིན་པ་གསུངས་བ་དང་། ད་དུང་བོད་ནི་ལོ་རྒྱུས་ཐོག་ནམ་ཡང་རྒྱ་ནག་གི་ཆ་ཤས་སུ་ཆགས་མྱོང་མེད་པ་དང་། ཉེ་ལམ་ཟླ་༦ཚེས་༢༣ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་ལ་ཉན་ཞིབ་གནང་བ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན་པ་སོགས་ངོ་སྤྲོད་གནང་ཡོད་པ་རེད།
ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Shimomura Hakubun)་མཆོག་གིས། ཉི་ཧོང་བ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་མི་ཉམས་རྒྱུན་འཛིན་སླད་བོད་མིའི་བདེན་པའི་འཐབ་རྩོད་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་ལ་ང་ཚོའི་ངོས་ནས་སྔར་ལྷག་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་འདུག
གཞན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་གནང་བ་དང་འབྲེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་བའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པའི་ནང་མིར་འབུལ་རྒྱུ་དང་། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཉི་ཧོང་གི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གཅིག་བཞག་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་འདུག
འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ལས་འཁུར་ཞུས་རྗེས་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་དེ་ཡིན་པ་དང་། ད་ཐེངས་འདི་ཚེས་༢༧ བར་བདུན་ཕྲག་གཅིག་རིང་གི་མཛད་འཆར་ནང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་སྲིད་དོན་པ་ཁག་དང་མཇལ་མོལ་དང་། ཉི་ཧོང་ནང་གཙུག་ལག་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་གཏམ་བཤད་ཀྱི་ལས་རིམ་དང་། དེ་བཞིན་ས་གནས་སུ་ཡོད་པའི་བོད་རིགས་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་སོགས་ཀྱི་མཛད་འཆར་ཁག་ཅིག་ཡོད་པ་བོད་མིའི་སྒྲི་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་༩༠ཡོད་པ་དང་། འཛམ་གླིང་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཉི་ཧོང་གྲོས་ཚོགས་ནས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། རྩིས་མེད་བཏང་བ་སོགས་ཀྱི་གནས་སྟངས་ཛ་དྲག་ཡོད་པའི་སྐོར་གྲོས་ཆོད་ཅིག་བཞག་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།