ཉེ་ཧོང་གྲོས་ཚོགས་ཀྱི་འཐུས་མིས་དབུ་མའི་ལམ་ལ་རྒྱབ་སྐྱོར།
2019.02.01

ཉེ་ཧོང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གི་བོད་ཐོག་བཟུང་བའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག
ཕྱི་ཟླ་ ༡ ཚེས་ ༣༡་ཉིན་སྲིད་སྐྱོང་མཆོག་བློ་བཟང་སངྒེ་མཆོག་དང་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་མཇལ་འཕྲད་སྐབས། ཉེ་ཧོང་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པས་བོད་རྒྱའི་དཀའ་རྙོག་སེལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག བོད་མིའི་ཆོས་དད་རང་དབང་ཐོག་དྲག་གནོན་དང་དམ་དྲག་བྱེད་བཞིན་པར་ཤུགས་ཆེའི་སྐྱོན་བརྗོད་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ནང་གི་གནས་སྟངས་སྤྱིའི་དང་། གཞན་ཡང་ཉེ་ལམ་ཨ་རི་གཞུང་གིས་ཨ་རི་དང་རྒྱ་ནག་བར་བོད་ནང་ཕར་འགྲོ་ཚུར་ཡོང་གི་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་སྲོལ་བཞག་པ་སོགས་ངོ་སྤྲོད་གནང་འདུག
ཚོགས་འདུའི་ཐོག་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཞི་མོ་མུ་ར་ (Mr. Shimomura Hakubun)མཆོག་གིས་དབུས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་དང་། གསར་འགོད་པ་ཡོ་ཤེ་ཀོ་(Sakurai Yoshiko) ལགས་བཅས་ཕེབས་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ཟླ་ ༡ ཚེས་ ༢༤ ནས་ ༣༡ བར་ཉེ་ཧོང་དུ་ཕྱོགས་བསྐྱོད་གནང་ཞིང་། ཕྱིར་ལྡི་ལིར་ཕེབས་ནས་ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་
ཉེ་ཆར་དགོངས་པ་རྫོགས་པ་ཇོརཇ་ཧྥར་ནན་དྷེསྀ (George Fernandes)དམ་པ་དེའི་ནང་སྐུ་ཟླ་དང་ནང་མི་གཞན་རྣམས་མཇལ་འཕྲད་ཀྱིས་ཐུགས་གསོ་གནང་བ་དང་། ཡེ་ཤུའི་ཆོས་ལུགས་ཀྱི་ལམ་སྲོལ་ལྟར་སྐུ་ཕུང་དུར་སྦས་གནང་བའི་མཛད་སྒོར་མཉམ་ཞུགས་གནང་འདུག
གསར་འགོད་པ་སྟག་ལྷ་རྒྱལ།