སྲིད་སྐྱོང་གིས་ནིའུ་ཛི་ལེན་ཌིའི་གྲོས་ཚོཊ་འཐུས་མི་དང་མཇལ་འཕྲད།
2017.05.04

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ནིའུ་ཛི་ལེན་ཌིའི་ཁུལ་དུ་གྲོས་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གཙོས་པའི་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་དང་བོད་དོན་གོ་རྟོགས་སྤེལ་ཐབས་ཀྱི་ལས་དོན་གནང་མུས་རེད་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ནིའུ་ཛི་ལེན་ཌི་རྒྱལ་ཁབ་ནང་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཚེས་༣ ཉིན་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་འཐུས་མི་སྐུ་ཞབས་(Gareth Hughes) མཆོག་གིས་མགྲོན་འབོད་ཞུས་པ་ལྟར། (Wellington) གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གསུམ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དེང་སྐབས་བོད་ནང་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་ཙམ་མ་ཟད། ཡར་ཆེན་སྒར་ཡང་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས་གསལ་སྟོན་གནང་པ་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་ཉམ་ཆག་འགྲོ་བཞིན་པའི་གནས་སྟངས། བོད་ནང་རྒྱ་རིགས་འབོར་ཆེན་གནས་སྤོ་བྱེད་བཞིན་པའི་གནད་དོན་བཅས་བོད་མིའི་ངོ་བོ་དང་རིག་གཞུང་སོགས་རིམ་བཞིན་རྩ་བརླག་ཏུ་འགྱུར་ཉེན་ཆེ་བའི་གནད་དོན་བཅས་གསལ་འདོན་གནང་ཡོད་ལུགས་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་རྒྱའི་ཐོག་བཀོད་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། ནིའུ་ཛི་ལེན་ཌིའི་གྲོས་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་འདུན་ཞུས་འདུག གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་གྲུབ་རྗེས་ཕྱི་དྲོ་སྲིད་སྐྱོང་མཆོག་གིས་ནིའུ་ཛི་ལེན་ཌིའི་(Victoria University) གཙུག་ལག་སློབ་གྲྭའི་ཁྲིམས་ལུགས་རིག་པའི་བསྟི་གནས་ཁང་དུ་དགེ་ལས་སློབ་ཕྲུག་དང་དམིགས་བསལ་རྒྱ་ནག་སྐམ་ས་ཆེན་པོ་ཡིན་སློབ་ཕྲུག་སོགས་ཁྱོན་མི་སྣ་༡༥༠ཙམ་ལ་རྒྱ་ནག་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱི་སྲིད་ཇུས་རྐྱེན་པས་བོད་ནང་རང་ལུས་མེར་བསྲེགས་གཙོས་པའི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་དང་། བོད་དོན་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་གལ་གནད་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིའི་དབུས་གྲོས་ཚོགས་ཀྱི་ཚོགས་འདུ་དང་གྲོས་ཚོགས་ཀྱི་ཨེ་ཤེ་ཡའི་སྡེ་ཚན་ནང་ཟུར་ཉན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་འདུག
སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gareth Hughes མཆོག་དང་། གཙུག་ལག་སློབ་གྲྭའི་སློབ་དགེ་ལྕམ་Catherine J. Iorns མཆོག་ལ་དྲན་རྟེན་གྱི་ཕྱག་རྟགས་ཕུལ་ཞིང་། ཁོང་རྣམ་པས་ད་བར་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་གསོལ་ཞུས་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་། གུ་རུ་ཆོས་སྐྱིད།