སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་ཆེད་དབྱིན་ཡུལ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་བྱུང་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཞུང་འབྲེལ་ཕྱོགས་བསྐྱོད་ཆེད། ཕྱི་ཟླ་༢བའི་ཚེས་༡ཉིན་གྱི་དགོང་དྲོ་དབྱིན་ཡུལ་ནས་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་ས་གནས་བོད་མི་ཁག་ཅིག་གིས་ཕེབས་བསུ་གནང་ཡོད་པ་རེད།
མཛད་འཆར་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༢ཉིན་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག དང་མཇལ་འཕྲད་གནང་རྒྱུ་དང་། རིམ་པས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་གཙོས་གྲོས་ཚོགས་ཀྱི་འཐུས་མི་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་སོགས་དང་མཇལ་འཕྲད་གནང་གི་ཡོད་འདུག དེ་བཞིན་བཙན་བྱོལ་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རིའི་གཞུང་གི་ཚན་པ་ཚོའི་ལས་བྱེད་དང་མཇལ་འཕྲད་གནང་རྒྱུ་དང་། ཟླ་བ་འདིའི་ཚེས་༡༧བར་ཨ་རིའི་མངའ་སྡེ་ཁག་ཅིག་ནང་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུན་རིང་ཨ་རིའི་ནུབ་ཕྱོགས་ཀྱི་བོད་མི་གནས་ཡུལ་ས་གནས་ཁ་ཤས་ནང་བོད་མི་ཚོ་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
དེ་ནས་རིམ་བཞིན་ཁེ་ཎ་ཌའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་འདུག
གཞན་སྲིད་སྐྱོང་དང་འབྲེལ་བའི་གནས་ཚུལ་ཞིག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལ་དྭགས་ཀྱི་བླ་ཆེན་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་ལ་ཉེ་ཆར་རྒྱ་གར་དབུས་གཞུང་ནས་ཆེ་མཐོའི་པདྨ་ཤི་རིའི་གཟེངས་རྟགས་འབུལ་བཞེས་གནང་བར་དགའ་བསུའི་འཚམས་འཕྲིན་ཞིག་གནང་ཡོད་པ་དང་། དེའི་ནང་། སྐུ་ཉིད་ལ་ཆེ་མཐོའི་གཟེངས་རྟགས་དེ་འདྲ་འབུལ་བཞེས་གནང་བ་དེ་ནི། རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་དང་བྱམས་བརྩེའི་ཕྱག་ལས་ཕུལ་བྱུང་གནང་བའི་མཛད་རྗེས་ལ་བརྟེན་ནས་ཡིན་པར་བརྟེན་ངོས་ཀྱིས་བོད་མི་མང་གི་ཚབ་ཞུས་ཏེ་འཚམས་འདྲི་ཡོད། མ་འོངས་པར་ཡང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡོད་ཅེས་བཀོད་གནང་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།