སྲིད་སྐྱོང་མཆོག་ཉི་ཧོང་དུ་ཕེབས་འབྱོར་བྱུང་བ།
2017.02.05

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉི་ཧོང་ནང་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་འབྱོར་གྱིས་དེ་ཡོད་གྲོས་ཚོགས་འཐུས་མི་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་རིང་རེས་གཟའ་ཉི་མའི་ཉིན་ཉི་ཧོང་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་གཙོ་བོར་འགྱུར་བའི་ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་།ས་གནས་བོད་མི་སོགས་པས་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་རེས་ཉི་ཧོང་ནང་འཚམས་གཟིགས་གནང་རྒྱུན་རིང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྒྱུན་དུ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་མི་གྲངས་༨༧་ཙམ་དང་མཇལ་འཕྲད་གནང་རྒྱུ་མ་ཟད་ཉི་ཧོང་གི་རྒྱལ་ས་ཀྲོའོ་ཀྱོའོ་ནང་ཡོད་པའི་གྲོས་ཚོགས་འཐུས་མིའི་ཚོགས་ཁང་ཆེན་མོའི་ནང་བོད་དང་ཆོས་དད་རང་དབང་གི་གནད་དོན་དང་འབྲེལ་བའི་སྐོར་གསུང་བཤད་རྒྱུ་ཡིན་པ་རེད། ཡང་ཕྱི་ཚེས་༡༢་ཉིན་སྲིད་སྐྱོང་མཆོག་གིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་འདྲི་གནང་རྒྱུ་དང་འབྲེལ་དེ་ཡོད་བོད་མི་ཚོ་དང་མཇལ་འཕྲད་བཀའ་སློབ་གནང་རྒྱུ་ཡིན་པ་རེད། དེ་ནས་ཕྱི་ཚེས་༡༣་ཉིན་རྒྱུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཉི་ཧོང་རྒྱལ་ཡོངས་གཞི་རྕའི་ཐོབ་ཐང་ལས་ཁང་གི་ཚོགས་གཙོ་ལྕམ་Yoshiko Sakurai དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། དེ་ག་ནང་བཞིན་ཡང་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་ཀྱི་གནས་སྟངས་དེ་སེལ་ཐབས་གང་འདྲ་གནང་དགོས་མིན་སོགས་ཀྱི་གནད་དོན་ཐད་མང་ཁྲོད་དུ་བཀའ་སློབ་གནང་རྒྱུ་ཡིན་པ་རེད་འདུག་ལ་དེ་ནས་མུ་མཐུད་ཉི་ཧོང་ནང་ཡོད་པའི་དོན་སྙིང་ལྡན་པའི་ས་གནས་ཁག་ཅིག་ཏུ་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཐོག་མར་སྤྱི་ལོ་༢༠༡༢དང་ ༢༠༡༦བཅས་པའི་ནང་ཉི་ཧོང་དུ་གཞུང་འབྲེལ་འཚམས་འདྲིའི་གཟིགས་སྐོར་གནང་ཡོད་པ་དང་ཐེངས་དེར་ཉི་ཧོང་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད༎གསར་འགོད་པ་དབྱངས་སྒྲོལ།