༧གོང་ས་མཆོག་གི་ཡང་སྲིད་ལ་ཇུས་གཏོགས་བྱེད་པའི་ཐོབ་ཐང་མེད།
2016.02.12
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་ནས་རང་དབང་ཁང་པར་བོད་དོན་གཏམ་བཤད་གནང་བ།
སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས་རྒྱ་ནག་གཞུང་གི་བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་ལུགས་ལ་ཐེ་གཏོགས་བྱེད་པའི་སྲིད་ཇུས་དེར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ཁ་ས་སྤྱི་ཚེས་༡༡ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་Freedom Houseའམ་རང་དབང་ཁང་པ་ཞེས་པའི་ཞིབ་འཇུག་ལྟེ་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་གིས། ད་ལྟའི་བོད་ཀྱི་གནས་སྟངས་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་ཇུས་དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་ཀྱི་གནས་བབས་བཅས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་གཞི་ལུས་བོད་མི་རྣམས་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་བཞིན་པ་བཀག་བསྡོམས་དང། བོད་མིའི་ཁྲོད་༧གོང་ས་མཆོག་གི་ཤུགས་རྐྱེན་ཉམས་རྒུད་གཏོང་ཐབས་སླད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་ལུགས་ལ་ཐེ་གཏོགས་བྱེད་བཞིན་པའི་སྲིད་ཇུས་ཐད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་། ༧གོང་ས་མཆོག་གི་ཡང་སྲིད་ལ་ཇུས་གཏོགས་བྱེད་པའི་ཐོབ་ཐང་མེད་ལུགས་སོགས་གསུངས་ཡོད།
ད་དུང་མུ་མཐུད་དུ། ཆོས་མེད་སྨྲ་བ་རྒྱ་ནག་གིས། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ཡིན་ལུགས་ཀྱི་ཐག་གཅོད་དེ་ནི་ཡི་ཤུ་གནམ་དག་ཆོས་ལུགས་ཀྱི་བླ་ཆེན་Popeདེ་བཞིན་ དམར་པོའི་རྒྱལ་ཁབ་Cubaའགོ་ཁྲིད་Fidel Castroཡིས་འདེམས་བསྐོ་བྱས་ཚེ་བྱ་སྤྱོད་དེ་དང་ཁྱད་མེད་པ་ལྟ་བུ་ཡིན་པ་གསུངས་གནང་འདུག
ད་དུང་རྒྱ་ནག་གཞུང་གི་དམ་དྲག་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་རྐྱེན་པས། བོད་ནང་གི་གནས་སྟངས་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་འདོན་གནང་འདུག་ལ་ Freedom Houseཞིབ་འཇུག་ལྟེ་གནས་ཁང་གིས་ཀྱང་འཛམ་གླིང་ཐོག་རང་དབང་གི་གནས་བབས་སྐོར་ཉེ་ཆར་སྙན་ཐོ་འདོན་སྤེལ་བྱས་པའི་ནང་དུ། དཀྱིལ་ཤར་ཡུལ་གྲུ་Syria རྗེས་སུ་༢༠༡༥ལོར། ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་གནས་བབས་ཆ་ནས། བོད་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ཐོག གནས་བབས་སྐྱོ་ཤོས་ཨང་གཉིས་པ་ཡིན་པ་གསལ་འདོན་གནང་སྟེ། ད་རེས་སྲིད་སྐྱོང་མཆོག་གིས་དཔྱད་ཞིབ་གནང་པའི་ནང་དོན་དང་གཅིག་མཚུངས་གསལ་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།