སིག་གི་ལྷ་ཁང་ནང་དམག་མི་བཏང་སྟེ་མི་ལོ་ཉི་ཤུ་རྩ་ལྔ་འཁོར་བ།
2009.06.06
༄༅༎རྒྱ་གར་གཞུང་གིས་ཕྱི་ལོ་༡༩༨༤ལོར་སིག་ཆོས་ལུགས་ཀྱི་ལྷ་ཁང་རྩ་ཆེ་ཤོས་སུ་རྩིས་པའི་གསེར་གྱི་ལྷ་ཁང་ཞེས་པའི་ནང་དམག་མི་བཏང་སྟེ་ཁ་ས་ལོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག
དེ་ཡང་ཕྱི་ལོ་༡༩༧༠དོན་གྲངས་ནང་སིག་མི་རིགས་མང་བ་ཡོད་པའི་རྒྱ་གར་བྱང་ཕྱོགས་པཱན་ཇབ་མངའ་སྡེ་དེ་བཞིན་རྒྱ་གར་གྱི་མངའ་འོག་ནས་ཁཱ་ལི་སི་ཏན་ཞེས་རང་བཙན་རྒྱལ་ཁབ་གཅིག་འཛུགས་བསྐྲུན་ཆེད་ལས་འགུལ་ཞིག་འགོ་བཙུགས་པ་དང་ཕྱི་ལོ་༡༩༧༩ལོ་ནས་བཟུང་ཇཱར་ནེལ་སིང་བིན་རྡར་ལྦ་ལེ་ཡིས་སིག་མི་རིགས་ལ་རང་བཙན་ཐོབ་ཕྱིར་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་མ་ཟད་ཁོང་ཚོ་སིག་གི་ལྷ་ཁང་རྩ་ཆེར་རྩིས་པའི་གྲོང་ཁྱེར་ཨམ་རིཏ་སར་ལ་ཡོད་པའི་གསེར་གྱི་ལྷ་ཁང་ནང་གབ་ཡིབ་བྱས་པའི་རྐྱེན་གྱིས་ཕྱི་ལོ་༡༩༨༤ཕྱི་ཟླ་དྲུག་པའི་ཚེས་དྲུག་ཉིན་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ལྕམ་ཨིན་རྡར་གེན་རྡི་མཆོག་གིས་སིག་གི་ལྷ་ཁང་དེའི་ནང་གཞུང་གི་དམག་མི་བཏང་སྟེ་དྲག་སྤྱོད་པ་དེ་དག་མེད་པ་བཟོ་རྒྱུའི་ལས་དོན་སྤེལ་བས་མི་མང་པོ་རྐྱེན་ལམ་དུ་ཕྱིན་པ་དང་བརྒྱ་ཕྲག་འགའ་ཤས་ལ་རྨས་སྐྱོན་ཕོག་པ་མ་ཟད་ལྷ་ཁང་དེར་གཏོར་སྐྱོན་ཚབས་ཆེ་བཏང་ཡོད་པ་རེད། ད་ཆ་སིག་མི་རིགས་མང་ཆེ་བས་ཁོང་ཚོར་རང་བཙན་རྒྱལ་ཁབ་ལོགས་སུ་དགོས་སྐོར་རྒྱབ་སྐྱོར་བྱེད་ཀྱི་མེད་ན་ཡང་བལྟ་བ་མཁྲེགས་བཟུང་བ་འགའ་ཤས་ཀྱིས་ད་ལྟའི་ཆར་ཡང་རང་བཙན་དགོས་པའི་དགོས་འདུན་མུ་མཐུད་བཏོན་གྱི་ཡོད་པ་རེད། ལོ་དེ་གའི་ཕྱི་ཟླ་བཅུ་པའི་ནང་སྲིད་བློན་ལྕམ་ཨིན་རྡར་གེན་རྡི་ལ་ཁོང་གི་སྐུ་སྲུང་བ་སིག་མི་རིགས་གཉིས་ཀྱིས་མེ་མདའ་བརྒྱབས་ནས་བཀྲོངས་པ་རེད། ཁ་ས་རྒྱ་གར་གཞུང་གིས་གོང་སིག་གི་ལྷ་ཁང་ནང་དམག་མི་བཏང་སྟེ་ལོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་ཉིན་སིག་བརྒྱ་ཕྲག་མང་པོ་ལྷ་ཁང་དེར་འཛོམས་ཏེ་ངོ་རྒོལ་གྱི་ལས་འགུལ་བརྩམས་འདུག་ལ་དེར་ཡོང་བའི་རཱམ་སིང་གིས་སིག་གི་སྤྱི་ཚོགས་ལ་རང་བཙན་ས་ཁུལ་ཞིག་སྤྲོད་རྒྱུར་ནོར་འཁྲུལ་གང་ཡང་མེད་ལུགས་བརྗོད་འདུག ཡང་གོང་ཞུས་དོན་རྐྱེན་དེ་བྱུང་ནས་ལོ་ཉི་ཤུ་རྗེས་སུ་སིག་མི་རིགས་ཡིན་པ་མཱན་མོ་ཧན་སིང་མཆོག་རྒྱ་གར་གྱི་སྲིད་བློན་དང་པོ་ཆགས་ན་ཡང་ད་དུང་སིག་གི་ལྷ་ཁང་ཐོག་རྒྱ་གར་གཞུང་གིས་གཏོར་རྒོལ་བཏང་བའི་དུས་དྲན་དེ་བཞིན་རྒྱ་གར་གཞུང་ལ་མི་དགའ་བའི་རྣམ་པ་དྲག་པོ་བཏོན་ཏེ་སྲུང་བརྩི་ཞུ་ཡི་ཡོད་འདུག་ལ་ཡང་ས་གནས་ཀྱི་སིག་སྲིད་དོན་ཚོགས་པའི་ཚོགས་གཙོ་སིམ་རན་ཇིཏ་སིང་མཱན་ཡིས་རྒྱ་གར་གཞུང་གིས་སིག་གི་ལྷ་ཁང་ནང་དམག་མི་བཏང་སྟེ་གཏོར་རྒོལ་བཏང་བའི་རྨ་ཁ་ད་ལྟ་ཡང་གསོས་མེད་ཚུལ་གསུངས་ཡོད་པའི་གནས་ཚུལ་འདུག།