ཟི་ཁྲོན་ཞིང་ཆེན་དང་བོད་བར་གཞུང་ལམ་བསྐྱར་དུ་སྒོ་ཕྱེས་སྐོར།
2008.09.04
༄༅༎ཉེ་སྔོན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་དང་ས་འབྲེལ་བོད་ཀྱི་ཉིང་ཁྲི་ས་ཁུལ་དུ་ཆར་ཞོད་རྐྱེན་པས་ ཉིན་གྲངས་བཞིའི་རིང་ཟི་ཁྲོན་དང་བོད་དབར་གཞུང་ལམ་བཀག་འགོག་བྱས་པ་དེ་ད་ཆ་བསྐྱར་དུ་སྒོ་ཕྱེས་ཡོད་པའི་གནས་ཚུལ་ཐོན་འདུག
འདས་པའི་བདུན་ཕྲག་གཉིས་ཙམ་རིང་ བོད་ཀྱི་ཉིང་ཁྲི་ཁུལ་དུ་ཆར་ཞོད་ཀྱི་གོད་ཆགས་འོག་ ཉིང་ཁྲི་དང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་དབར་འགྲུལ་བསྐྱོད་བྱ་སའི་གཞུང་ལམ་གྱི་ཉེ་འཁྲིས་སུ་ཡོད་པའི་གཙང་པོའི་ཆུ་ཚད་བརྒལ་སྟེ་ ས་རུས་ཀྱི་གོད་ཆགས་བྱུང་བ་དང༌ ཡང་ཟི་ཁྲོན་དང་ཉིང་ཁྲི་དབར་གཞུང་ལམ་གྱི་ཆ་ཤས་ཤིག་ལ་སྐྱོན་ཆགས་ཕྱིན་ཙང་ ཕྱོགས་ཕན་ཚུན་ཕར་འགྲོ་ཚུར་འོང་མཚམས་འཇོག་བྱས་ཡོད་པ་རེད་ དེ་རིང་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན་ རེས་གཟའ་མིག་དམར་ཉིན་མཐར་ཆར་ཞོད་ཆད་རྗེས་ རྒྱ་ནག་གི་དམག་མི་༡༢༠ཙམ་ནས་ ཟི་ཁྲོན་དང་ཉིང་ཁྲི་དབར་འགྲུལ་བསྐྱོད་ཆེད་ རིང་ཚད་མེ་ལེ་༡༠༠འི་ཛ་དྲག་གི་གཞུང་ལམ་གསར་བཟོའི་ལས་དོན་འགོ་འཛུགས་བྱས་ཏེ་ ད་ཕན་མེ་ལེ་༥༠ཙམ་བཟོ་བསྐྲུན་ཟིན་ཡོད་པ་རེད་ ད་ལྟའི་ཆར་གཞུང་ལམ་དེའི་སྟེང་ རྒྱུན་ལྡན་འགྲུལ་པ་སྐྱེལ་འདྲེན་གྱི་རླངས་འཁོར་ཆུང་གྲས་རིགས་འགྲིམ་འགྲུལ་གྱི་སྒོ་མོ་ཕྱེས་ཡོད་སྐོར་གཞུང་ལམ་གསར་བཟོའི་ལས་དོན་གྱི་འགན་འཛིན་ལི་ཤི་ཕིང་ཟེར་བས་བརྗོད་ཡོད་འདུག ཕྱི་ཟླ་བརྒྱད་པ་འདི་བཞིན་བོད་ནང་དམིགས་བསལ་ཆར་ཞོད་ཆེ་བའི་དུས་ཚོད་ཅིག་ཡིན་ཡང་ འདི་ལོ་དེ་སྔོན་དང་མི་འདྲ་བར་བརྒྱ་ཆ་༣༠ལྷག་གི་ཆར་ཞོད་ཆེ་བ་བྱུང་བཞིན་པའི་ཐོག་ ཆུ་རླབས་དང་ས་རུས་སོགས་ཀྱི་རྐྱེན་པས་གཞུང་ལམ་ལ་གོད་ཆགས་ཡང་སེ་བྱུང་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།