བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་འདུག


2018.10.01
བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་དང་འབྲོག་པ་ཁ་ཤས་ཀྱིས་རོགས་རམ་བྱེད་བཞིན་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་དང་འབྲོག་པ་ཁ་ཤས་ཀྱིས་རོགས་རམ་བྱེད་བཞིན་པ།
TCHRD/RFA

མདོ་སྨད་རྨ་ཆུ་རྫོང་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་ཡུན་རིང་ནད་མནར་རྗེས་འདས་གྲོངས་སུ་གྱུར་འདུག
མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུའི་དབལ་བན་ཡུལ་འཚོའི་རོང་སྐོར་སྡེ་བ་ནས་ཡིན་པ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་རྒྱ་ནག་གི་བཙོན་ཁང་དུ་ཡོད་སྐབས་གཅར་རྡུང་བཏང་རྐྱེན་ཡུན་རིང་ནད་མནར་རྗེས་༢༠༡༨་སྤྱི་ཟླ་དགུ་བའི་ཚེས ༣༠ ཉིན་འདས་གྲོངས་སུ་གྱུར་འདུག
དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱར་གནས་ཚུལ་ཁང་གིས་འབྲོག་པ་ཁ་ཤས་ཀྱིས་རྩ་ཐང་དུ་གཞོན་ནུ་དཔལ་ལྡན་ལགས་ཉལ་ཁྲི་ཞིག་གི་སྟེང་འཁྱེར་ནས་འགྲོ་བཞིན་པའི་བརྙན་ཐུང་ཞིག་འགྲེམ་སྤེལ་བྱས་པ་དང་མཉམ་དུ། དེ་ནས་ཅུང་མ་འགོར་བར་ཁོང་གི་བེམ་བོ་དུར་འཇུག་གནང་ཡོད་པའི་སྐོར་གྱི་གནས་ཚུལ་སྤེལ་འདུག
གཞོན་ནུ་དཔལ་ལྡན་ལགས་རྒྱ་མིའི་བཙོན་ཁང་ནང་ཡོད་སྐབས་སྡུག་སྦྱོང་མནར་གཅོད་ཤུགས་ཆེ་བཏང་བའི་རྐྱེན་གྱིས་འཚོ་ཐབས་བྲལ་བའི་གནས་སྟངས་ཤིག་གི་འོག་བཙོན་ཁང་ནས་གློད་གྲོལ་བཏང་པ་ཞིག་ཡིན་འདུག་ལ། བཙོན་ཁང་ནས་གློད་གྲོལ་བྱུང་བ་ནས་བཟུང་ད་བར་བཤག་བཅོས་ཆེ་ཁག་ཐེངས་མ་གཉིས་བཏང་དགོས་བྱུང་འདུག་ཅིང་། བཤག་བཅོས་དང་པོ་དེ་ཕྱི་ལོ་ ༢༠༡༣ ལོར་བཏང་སྟེ། འགྲོ་སོང་རྒྱ་མིའི་སྒོར་མོ་ཁྲི་བཅུ་གཅིག་གནས་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གིས། འདས་གྲོངས་སུ་གྱུར་བའི་གཞོན་ནུ་དཔལ་ལྡན་ལགས་ཀྱི་ནང་མིར་གདུང་སེམས་མཉམ་སྐྱེས་དང་འབྲེལ། གཞོན་ནུ་དཔལ་ལྡན་ལགས་བཙོན་ཁང་དུ་ཡོད་སྐབས་གཅར་རྡུང་བཏང་ཡོད་པ་མ་ཟད། སྨན་བཅོས་མ་བྱས་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པས། རྒྱ་ནག་གཞུང་གིས་ཁོང་གྲོངས་རྐྱེན་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
གཞོན་ནུ་དཔལ་ལྡན་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་རྒྱ་མིའི་ཉེན་རྟོག་པ་དང་གསང་བའི་མི་སྣས་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཤིང་། ལོ་གཉིས་དང་ཟླ་བ་དགུའི་རིང་བཙོན་དུས་ཉེས་ཆད་བཀེལ་ཡང་། ལོ་གཅིག་ཙམ་བཙོན་འཇུག་བྱས་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༣ ཉིན ་གཟུགས་པོའི་གནས་སྟངས་ཧ་ཅང་སྡུག་པོའི་འོག་གློད་གྲོལ་བཏང་ཡོད་པ་རེད། བཙོན་ཁང་ནས་གློད་གྲོལ་བྱུང་བ་ནས་བཟུང་བཤག་བཅོས་ཆེ་ཁག་ཐེངས་མ་གཉིས་བཏང་དགོས་བྱུང་འདུག་ཅིང་། ཁོང་ལ་སྙིང་ནད་དང་། ཁྲག་རྩ་འགག་པ། མིག་དབང་ཞེན་པ་དང་རྣ་ཡིས་གོ་མ་ཐུབ་པ་སོགས་ནད་གཞི་མང་པོ་ཞིག་གི་འོག་དཀའ་སྡུག་མྱོང་ཡོད་འདུག

གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎