༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་སྲིད་བློན་ཟུར་བ་འདས་གྲོངས་སུ་སོང་བར་ཐུགས་གསོའི་གསུང་འཕྲིན་སྩལ།

2022.07.08
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་གི་སྲིད་བློན་ཟུར་བ་འདས་གྲོངས་སུ་སོང་བར་ཐུགས་གསོའི་གསུང་འཕྲིན་སྩལ།
File Photo OHHDL

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། དེ་རིང་ཕྱི་ཟླ་༧ཚེས་༨ཉིན་གྱི་སྔ་དྲོ་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་(Shinzo Abe)མཆོག་གིས་འོས་བསྡུའི་དྲིལ་བསྒྲགས་གཏམ་བཤད་གནང་བཞིན་པའི་སྐབས། གློ་བུར་འཇབ་རྒོལ་བས་མེ་མདའ་བརྒྱབ་སྟེ་ཛ་དྲག་མྱུར་སྐྱོབ་བྱས་ཀྱང་ཕན་ཐོགས་མ་བྱུང་བར་འདས་གྲོངས་སུ་ཕྱིན་པར། ཁོང་གི་སྐུ་ཟླ་ཨ་བྷེ་ཨ་ཀེ (Abe Akie)ལགས་ཀྱི་མཚན་ཐོག་ལ་དམ་པ་ཁོང་འདས་གྲོངས་སུ་སོང་བར་ཡིད་སེམས་སྐྱོ་གདུང་ཆེན་པོ་བྱུང་ལ། ཁྱིམ་མི་ཚང་མར་གདུང་སེམས་མཉམ་སྐྱེད་དང་དམ་པ་ཁོང་ལ་གསོལ་སྨོན་ཞུ་བཞིན་ཡོད་པའི་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། དེ་རིང་སྔ་དྲོ་མེ་མདའི་འཇབ་རྒོལ་དོན་རྐྱེན་ཁྲོད་ངོས་ཀྱི་གྲོགས་པོ་ཤིན་ཛོ་ཨ་བྷེ་འདས་གྲོངས་སུ་ཕྱིན་པར་སྐྱོ་གདུང་ཆེན་པོ་སྐྱེས་བྱུང་ལ། སྐུ་ཉིད་ནས་མཁྱེན་གསལ་ལྟར་ཉིད་ཀྱི་སྐུ་ཟླ་ཨ་བྷེ་ལགས་ནི་བོད་མི་ཚོའི་བློ་བརྟན་འགྱུར་མེད་ཀྱི་གྲོགས་པོ་དང་། དམ་པ་ཁོང་ནས་ཕུན་སུམ་ཚོགས་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གནང་བར།ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་མ་ཟད། སྲིད་བློན་ཟུར་བ་དམ་པ་ཁོང་ནས་གཞན་དོན་གྱི་ཆེད་དུ་ལས་ཀ་བྱས་ཏེ་མི་ཚེ་དོན་ལྡན་ངང་སྐྱེལ་རྒྱུ་བྱུང་ཡོད་སྐོར་གསུངས་གནང་འདུག

ཉི་ཧོང་གི་སྲིད་བློན་ཟུར་བ་ཨ་བྷེ་ལགས་ནི་ཉི་ཧོང་གི་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ལས་ཡུན་རིང་ཤོས་གཉེར་མཁན་དང་། འཛམ་གླིང་ཡོངས་ཁྱབ་ཀྱི་དམངས་གཙོ་དང་གུ་ཡངས་བསམ་བློར་རྒྱབ་སྐྱོར་བླ་ལྷག་གནང་མཁན་ཞིག་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་དང་༧གོང་ས་མཆོག་ཉི་ཧོང་ནང་ཆིབས་བསྒྱུར་སྐབས་མཇལ་འཕྲད་དང་ཉི་ཧོང་གྲོས་ཚོགས་ནང་གདན་ཞུ་སོགས་གནང་མྱོང་ཡོད་པ་རེད་ལ། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས། སྲིད་བློན་ཁོང་ནི་བོད་དོན་རྒྱབ་སྐྱོར་བླ་ལྷག་གནང་མཁན་ཞིག་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཉེ་བོ་ཡོད་མཁན་ཞིག་སྟབས། ཁོང་འདས་གྲོངས་སུ་སོང་བ་དེས་བོད་དོན་ལ་གྱོང་གུད་ཆེན་པོ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

འདི་ལོར་དགུང་གྲངས་༦༧ཡིན་པའི་སྲིད་བློན་ཟུར་བ་ཨ་བྷེ་མཆོག་ཕྱི་ལོ་༢༠༠༦ལོར་ཉི་ཧོང་གི་སྲིད་བློན་དུ་བདམས་ཐོན་བྱུང་བ་ནས། འདས་པའི་ལོ་ངོ་༡༥རིང་ཉི་ཧོང་གི་སྲིད་བློན་ལས་ཁུར་ཞུས་ཏེ། ཉི་ཧོང་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ཞབས་ཞུའི་དུས་ཡུན་རིང་ཤོས་ཆགས་ཡོད་པ་རེད། སྲིད་བློན་དུས་ཡུན་རིང་ཉི་ཧོང་གི་དཔལ་འབྱོར་དང་དམག་དོན་གནས་བབ་ཡར་རྒྱས་ཤུགས་ཆེན་སོང་ཡོད་པ་དང་། ཁོང་གིས་ཉི་ཧོང་གི་རྒྱལ་སྲུང་ཆེད་བདེ་སྲུང་དམག་གི་སྟོབས་ཤུགས་རྒྱ་སྐྱེད་དང་ཉི་ཧོང་གི་དམག་དོན་སྲ་བརྟན་བཟོ་རྒྱུའི་ཐད་ཤུགས་སྣོན་གནང་ཡོད་པ་དང་། ཕྱི་ལོ་༢༠༢༠ལོའི་ཟླ་༨ནས་བཟུང་སྲིད་བློན་གྱི་ལས་ཀ་ནས་དགོངས་པ་ཞུས་ཏེ་བཞུགས་གནང་ཡོད་པ་རེད།
 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎