ལོ་རྒྱུས་ཐོག་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིག་ཆ་དྲིལ་བསྒྲགས།
2012.05.24
༄༅༎བོད་འདི་བཞིན་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཡིན་པ་གསལ་འདོན་ཞུ་ཆེད་དེ་སྔ་ལོ་ངོ་བརྒྱ་ཙམ་གྱི་གོང་རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་ བོད་རང་བཙན་རྒྱལ་ཁབ་གསལ་བསྒྲགས་བསྐྱངས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཡིག་ཆ་དེ་བཞིན་ ཁ་ས་བཞུགས་སྒར་རྡ་རམ་ས་ལར་ བོད་རང་དབང་སློབ་ཕྲུག་ཚོགས་པའི་ཐོག་ནས་སླར་ཡང་འགྲེམས་སྤེལ་གྱི་མཛད་སྒོ་གནང་འདུག་པ་དང་ ཆབས་ཅིག་ཡིག་ཆ་རྒྱལ་སྤྱིའི་ཐོག་རྣོ་ངར་ཆེན་པོའི་ལམ་ནས་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག་༎
༡༩༡༣ ཕྱི་ཟླ་༢པའི་ཚེས་༡༣ཉིན་རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་ བོད་འདི་བཞིན་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་དང་ དེ་ནས་༡༩༥༩ལོར་རྒྱ་དམར་གྱིས་བོད་ཐོག་དྲག་པོའི་དབང་བསྒྱུར་མ་བྱས་བར་བོད་འདི་བཞིན་རང་དབང་རང་བཙན་ལྡན་པའི་རྒྱལ་ཁབ་སུ་གནས་ཡོད་པ་རེད་ ཁ་ས་ཚེས་༢༤ཉིན་ བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་བསྒྲིགས་འོག་ བོད་རང་བཙན་རྒྱལ་ཁབ་ཡིན་པའི་ཁུངས་སྐྱེལ་གྱི་ཡིག་ཆ་དེ་བཞིན་སླར་ཡང་མང་ཚོགས་ཁྲོད་དྲན་གསོའི་མཛད་སྒོ་གནང་པ་དང་སྦྲགས་ཕྱི་ལོ་༢༠༡༣ཕྱི་ཟླ་༢པའི་ཚེས་༡༣ཉིན་མོ་ནི་ ༸གོང་ས་རྒྱལ་མཆོག་༡༣པ་མཆོག་གིས་ རང་བཙན་གྱི་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་བརྒྱ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་ ཡིག་ཆ་དེ་བཞིན་གྲོང་ཁྱེར་༡༠༠ལྷག་ཙན་ནང་ འགྲེམས་སྤེལ་དྲིལ་བསྒྲགས་བྱ་རྒྱུ་མ་ཟད་ རྒྱ་ནག་གཞུང་ཚབ་ལས་ཁུངས་དང་ རྒྱལ་སྤྱིའི་དབུ་འཁྲིད་རྣམས་ལ་འབུལ་ལམ་ཞུ་རྒྱུ་དང་ དེ་བཞིན་རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་དྲན་རྟེན་ཁང་པ་དང་རྡོ་རིང་ལ་སོགས་པའི་སྟེང་སྦྱར་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་ བོད་རང་བཙན་རྒྱལ་ཁབ་ཡིན་པའི་གསལ་བསྒྲགས་བསྐྱངས་པའི་ཡིག་ཆ་འགྲེམས་སྤེལ་གྱི་ལས་འགུལ་དེའི་བརྒྱུད་ བོད་མི་ཚང་མས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་མོ་དེ་སྲུང་བརྩི་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་འདུག་ལ་ བོད་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་བཀྲས་ཐོང་ལྷ་སྒྲོན་ལགས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་དང་དམ་བསྒྲགས་ཇི་ཙམ་བྱས་ཀྱང་ གཞི་བྱེས་བོད་མི་ཚང་མས་བོད་རང་བཙན་འཐབ་རྩོད་ཀྱི་སྙིང་སྟོབས་དེ་བཞིན་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ་ བོད་འདི་བཞིན་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་ཁུངས་སྐྱེལ་ར་སྤྲོད་ཡོད་པ་འདི་རྒྱལ་སྤྱིའི་ཐོག་གསལ་འདོན་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེན་པོ་རེད་ཅེས་ནན་བརྗོད་གནང་བཞག་༎