བོད་རང་བཙན་སློབ་ཕྲུག་ཚོགས་པས་རྔམ་སྟོན་ཁྲོམ་སྐོར་།
2011.07.13
༄༅༎བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་བར་ལས་ནས་རྒྱ་གཞུང་གིས་བོད་ཤར་ཕྱོགས་ དཀར་མཛེས་དང་རྔ་པའི་ཁུལ་གདུག་རྩབ་དྲག་གནོན་ལ་ངོ་རྒོལ་མཚོད་ཆེན་དུ་རྔམ་སྟོན་ཁྲོམ་སྐོར་སོགས་ལས་འགུལ་ཁ་ཤས་སྤེལ་བཞིན་པ་རེད༎
ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༡པ་དེ་བསྐྱང་གནང་མཛད་བཞིན་པ་དང་སྟབས་བསྟུན་གྱིས་བོད་རང་བཙན་སློབ་ཕྲུག་ཚོགས་པས་རེས་གཟའ་མིག་དམར་སྔ་དྲོ་རྒྱ་ནག་གི་གཞུང་ཚབ་མདུན་དུ་རྔམ་སྟོན་ཁྲོམ་སྐོར་ཤིག་གོ་སྒྲིག་ཞུས་གནང་འདུག ལོ་ཤས་གོང་ནས་བོད་ནང་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷ་དཀར་གྱི་ཉིན་མོ་སྲུང་བརྩི་གསར་གཏོད་བྱས་པ་དེ་ཕྱི་རྒྱལ་དུའང་སྲུང་བརྩི་དང་སྦྲགས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་པ་ལྟར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ལོ་༦༠འཁོར་བའི་སྐབས་འདིར་བོད་ཤར་ཕྱོགས་ཁམས་དཀར་མཛེས་དང་ རྔ་པའི་ཁུལ་གདུག་རྩུབ་དྲག་གནོན་བྱེད་བཞིན་པ་དེར་ངོ་རྒོལ་མཚོན་ཆེད་དུ་ཁ་སང་ཚེས་བཅུ་གསུམ་ཉིན་རྒྱལ་སྤྱིའི་ཐོག་གི་ཉིན་གཅིག་གི་ལས་འགུལ་དེ་བཞིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་དུས་འཁོར་དབང་ཆེན་གྱི་ཚོགས་ར་ཆེན་མོར་འདུ་འཛོམས་ཀྱིས་རིམ་བཞིན་རྒྱ་ནག་གཞུང་ཁང་གི་མདུན་དུ་ཉིན་རྒྱབ་ཆུ་ཚོད་དང་པོ་བར་སྐད་འབོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག། ཡང་སང་ཉིན་ཚེས་༡༤ཉིན་གྱི་ཕྱི་དྲོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཁང་གི་ཚོགས་ཁང་དུ་ བོད་ཀྱི་འབྲོག་པའི་སྲོལ་རྒྱུན་གྱི་འཚོ་ཐབས་གཙོས་པའི་ཐོབ་ཐང་དང་འབྲེལ་བའི་སྙན་ངག་དང་ གླུ་གཞུས་དང་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་འདུ་འཛོམས་ཤིག་གོ་སྒྲིག་ཞུས་ཡོད་འདུག། དེའི་དམིགས་ཡུལ་ནི་ རྒྱ་ནག་གཞུང་གིས་འབྲོག་པའི་རིག་གཞུང་དང་ལམ་སྲོལ་རྡོག་རོལ་བཏང་ནས་འབྲོག་ས་དོར་ནས་གྲོང་ཁྱེར་ཆེ་ཁག་ཏུ་བཙན་དབང་གིས་གནས་སྤོ་བྱེད་བཅུག་བཞིན་པ་དེས་འབྲོག་པ་ཚོར་དཀའ་ངལ་ཇེ་ཆེ་འཕྲད་བཞིན་ཐེར་བཏོན་གྱི་ལས་འགུལ་ཞིག་ཡིན་པ་རེད༎