༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་གསལ་བསྒྲགས་གནང་ནས་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནག་བསུབ་ཏུ་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ།

2025.02.13
༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆུ་གླང་རྩ་ཚིག་གསལ་བསྒྲགས་གནང་ནས་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནག་བསུབ་ཏུ་གཏོང་བའི་སྲིད་བྱུས་ལ་ངོ་རྒོལ། ཆུ་གླང་རྩ་ཚིག་གསལ་བསྒྲགས་གནང་ནས་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩི་སྐབས། ༢༠༢༥།༠༢།༡༣ ཉིན།
RFA/ Tenzin Lekmon

ཟླ་ ༢ ཚེས་ ༡༣ རེས་གཟའ་ཕུར་བུའི་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་དེ་སྔ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་ཆུ་གླང་རྩ་ཚིག་བསྒྲགས་གནང་ནས་ད་བར་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ་འཚོགས་སོང་བ་དང་། མཛད་སྒོ་དེའི་ཐོག་ཉེ་ལམ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གཞུང་གིས་བོད་ཅེས་པར་ཨིན་སྐད་དུ་ (Tibet) ཞེས་པའི་ཐ་སྙད་ཀྱི་ཚབ་ཏུ་ (Xizang) ཞེས་པ་ཁྱབ་སྤེལ་དུ་གཏོང་ཞིང་། (Xizang) ཞེས་པའི་ཐ་སྙད་དེ་བཞིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོད་བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཞེས་ལོག་འགྲེལ་དང་འཁྱོག་བཤད་ཁྱབ་སྤེལ་བྱེད་བཞིན་པར། བོད་མི་རྣམས་ནས་གནད་དོན་དེ་རྒྱ་ནག་གཞུང་གི་མངོན་འདོད་སྒྲུབ་བཞིན་པར་ངོས་འཛིན་གྱིས་སེམས་འཚབ་གསལ་སྟོན་གནང་བཞིན་པའི་ཐད་ངོ་རྒོལ་ཡོད་པའི་རྣམ་པ་མངོན་གསལ་གནང་བ་དང་སྦྲགས། ཤི་ཙང་ཞེས་པ་ཐ་སྙད་དེའི་འབྱུང་རིམ་དང་། ཐ་སྙད་དེའི་བརྒྱུད་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུག་གྱི་སྲིད་བྱུས་འཛིན་བཞིན་པར་གདོང་ལེན་བྱ་ཐབས་སོགས་ཀྱི་བགྲོ་གླེང་ཞིག་འཚོགས་སོང་།

DSC02451.JPG
ཆུ་གླང་རྩ་ཚིག་གསལ་བསྒྲགས་གནང་ནས་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩི་སྐབས། ༢༠༢༥།༠༢།༡༣ ཉིན།

བགྲོ་གླེང་གཏམ་བཤད་ཀྱི་ལས་རིམ་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་མང་པོའི་སྔོན་བོད་ཀྱི་ཚབ་ཏུ་ (Xizang) ཤི་ཙང་དང་སྐབས་རེ་(Tibet) སོགས་ཐ་སྙད་བཀོལ་སྤྱོད་ཐད་འགྱུར་བ་གང་ཙམ་ཕྱིན་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གཞུང་གིས་ (Xizang) ཞེས་པའི་ཐ་སྙད་ཨུ་ཚུགས་ཀྱིས་ཁྱབ་སྤེལ་ཆེད་ཐབས་ཤེས་ཡོད་རྒུ་བྱེད་བཞིན་དེས། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། འཐབ་རྩོད་ཀྱི་ངོ་བོ་སོགས་ཆ་ཚང་ནག་བསུབ་ཏུ་གཏོང་རྒྱུའི་སྲིད་བྱས་ངན་པ་འཛིན་བཞིན་ཡོད་པ་དེར། བོད་མི་རྣམས་ནས་ཐབས་ལམ་སྣ་མང་བརྒྱུད་གདོང་ལེན་གནང་གལ་ཆེ་བ་ཡིན་ཞེས་གསུངས་སོང་།

ཡང་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ནས། དེ་སྔ་ནས་རྒྱ་ཁབ་མང་པོས་མི་སེར་སྤེལ་ཡུལ་དང་རྒྱལ་ཁབ་བཙན་བཟུང་གི་སྲིད་བྱུས་འོག་རྒྱལ་ཁབ་དེའི་མིང་འགྱུར་བ་གཏོང་བཞིན་ཡོད་པ་དེ་ནི། རྒྱལ་ཁབ་དེའི་ལོ་རྒྱུས་ནག་བསུབ་ཏུ་གཏོང་ཆེད་ཡིན་སྐོར་ངོ་སྤྲོད་དང་སྦྲགས། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ད་བར་མི་ལོ་ ༧༠ ལྷག་ཕྱིན་ཡོད་ནའང་ད་ཆ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཨུ་ཚུགས་ཀྱིས་བོད་རྒྱལ་ཁབ་ཀྱི་མིང་འགྱུར་བ་གཏོང་ཆེད་ཤུགས་སྣོན་བྱེད་བཞིན་པ་དེས་རྒྱ་ནག་གཞུང་ལ་གདེང་ཚོད་མེད་པ་དང་། དེ་སྔ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་ཡོད་པ་མངོན་གསལ་ཐུབ་པ་ཡིན་ཞེས་གསུངས་སོང་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ནས་ཀྱང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མིང་བསྒྱུར་གྱི་སྲིད་བྱུས་ལ་ངོ་རྒོལ་ཡོད་པ་གསལ་སྟོན་དང་སྦྲགས། དེ་སྔ་ཟླ་ཤས་སྔོན་ཧྥ་རན་སིའི་རྒྱལ་ས་པེ་རིས་ནང་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་གཉིས་ནས་ཀྱང་བོད་ཀྱི་ཚབ་ལ་མིང་གཞན་བཀོལ་སྤྱོད་བྱས་པར། བོད་རང་བཙན་སློབ་ཕྲུག་ཚོགས་པས་དུས་ཡུན་རིང་པོར་ལས་འགུལ་སྤེལ་བའི་བརྒྱུད་གྲུབ་འབྲས་བཟང་པོ་ཐོབ་ཡོད་སྐོར་ངོ་སྤྲོད་དང་སྦྲགས། བོད་རིགས་གཞོན་སྐྱེས་རྣམས་ནས་གནད་དོན་དེར་གལ་གནད་ཅན་ཞིག་ཏུ་ངོས་འཛིན་གྱིས་དོ་སྣང་བྱ་དགོས་པའི་སྐུལ་མ་གནང་སོང་།

གཞན་ཡང་ཟླ་བ་ ༠༢ ཚེས་ ༡༡ ཉིན་ཉི་འོང་བོད་རིགས་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་ཉི་འོང་ཤིན་ཇུ་ཀུ་ལོ་རྒྱུས་འགྲེམས་སྟོན་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་བསྐྱར་ནན་གནང་སྟེ་ལོ་ངོ་ ༡༡༢ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་དང་འབྲེལ། མང་ཚོགས་ལ་ཉིན་མོ་དེའི་གལ་གནད་དང་། རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་ལོག་འགྲེལ་གསལ་སྟོན་གནང་ཡོད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎