པདྨ་སྒྲོལ་མ་ལགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་འདུག

2022.08.31
པདྨ་སྒྲོལ་མ་ལགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་འདུག པདྨ་སྒྲོལ་མ་ལགས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་རྗེས། ༠༨།༣༠།༢༠༢༢
SFT

དེ་ཡང་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མི་ལོ་ལྔའི་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་བཞེས་སྟེ། ཉེ་ལམ་ཟླ་བ་འདིའི་ནང་ལས་ཡུན་མཇུག་སྒྲིལ་གནང་བ་དང་བསྟུན། ཚོགས་པ་དེའི་ལས་འགུལ་འགན་འཛིན་པད་མ་སྒྲོལ་མ་ལགས་སྤྱི་ཁྱབ་འགན་འཛིན་གསར་པར་བསྐོ་བཞག་བྱུང་བ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ཚེས་༣༠ཉིན་གསལ་བསྒྲགས་སྤེལ་འདུག
གསལ་བསྒྲགས་ནང་ཚོགས་གཙོ་ཟུར་པ་དང་བོད་མི་དམངས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལས་འགན་བཞེས་བའི་བརྒྱུད་རིམ་ནང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པས་མུ་མཐུད་དུ་འབད་བརྩོན་གནང་ཡོད་པ་དང་། ལྷག་པར་དུ་བོད་དང་། ཡུ་གུར། ཧོང་ཀོང་། ཐེ་ཝན། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱི་བར་དུ་མཉམ་ལས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རིམ་པའི་ནང་ལས་འགན་གཙོ་བོ་བཞེས་གནང་ཡོད་པ་རེད་ཅེས་སྤེལ་འདུག
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མི་ལོ་བཅུ་གཉིས་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་བཟང་པོ་བྱུང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། སྤྱི་ཁྱབ་འགན་འཛིན་གསར་བར་འཚམས་འདྲི་གནང་འདུག
པད་མ་སྒྲོལ་མ་ལགས་ནི། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དམིགས་ཡུལ་ལྟར། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་ཐེངས་མང་གནང་མྱོང་ཡོད་མཁན་ཞིག་ཡིན་པ་དང་། ཁོང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ནང་མི་མང་བརྒྱ་ཕྲག་མང་པོར་ལས་འགུལ་འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་མྱོང་ཡོད་པ་མ་ཟད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ཁག་གི་ཐོག་ཏུ་ལྷག་བསམ་དང་རྣམ་དཔྱོད་ལྡན་པའི་སྒོ་ནས་ལེགས་སྐྱེས་ཕུལ་མཁན་ཞིག་ཡིན་པ་རེད་ཅེས་གསལ་བསྒྲགས་སྤེལ་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ། བོད་རང་བཙན་རྒྱབ་སྐྱོར་མཁན་བོད་མི་དང་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་བ་ཚོས་༡༩༩༤ལོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དུ་གསར་འཛུགས་གནང་བ་ཞིག་དང་། དམིགས་ཡུལ་གཙོ་བོ་མཐོ་སློབ་ཁག་ཏུ་འགྲིམས་བཞིན་པའི་ན་གཞོན་སློབ་མ་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་སྟེང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལས་འགུལ་དང་གོ་རྟོགས་སྤེལ་གནང་གི་ཡོད་པ་རེད། ད་སྐབས་ནུབ་ཕྱོགས་ཡུལ་གྲུ་གཙོས་པའི་རྒྱལ་ཁབ་ཁག་མང་པོ་ཞིག་གི་མཐོ་སློབ་ཁག་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པ་༦༥༠ཙམ་ཡོད་པ་དང་། དེ་བཞིན་ཁེ་ཎ་ཌ་དང་། དབྱིན་ཡུལ་རྒྱ་གར་བཅས་ལ་ཡན་ལག་ལས་ཁུངས་གསར་བཙུགས་གནང་ཡོད་འདུག
མི་ལོ་༢༨གོང་ཚོགས་པ་དབུ་བརྙེས་ནས་སྤྱི་ཁྱབ་འགན་འཛིན་དང་པོ་དེ་བོད་དོན་རྒྱབ་སྐྱོར་བ་(John Hocevar)་ལགས་ཡིན་པ་དང་། དེ་ནས་བསྟན་འཛིན་ལྷ་སྒྲོན་ལགས་དང་། དེའི་རྗེས་བསྟན་རྡོར་ལགས། རྡོ་རྗེ་ཚེ་བརྟན་ལགས། པད་མ་སྒྲོལ་མ་ལགས་བཅས་ཡིན་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎