བོད་མི་བདུན་བལ་ཡུལ་ནས་འཇུ་བཟུང་བྱས་འདུག
2013.12.17
བོད་ནས་བལ་བོད་ས་མཚམས་བརྒྱུད་ཡོང་མཁན་བོད་མི་བདུན་ལག་འཁྱེར་མེད་པའི་ཉེས་འཛུགས་ཀྱིས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། དེང་སང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་མིན་ལ་མ་བལྟོས་བར། ཉིན་ཤས་གོང་བོད་ནས་བོད་མི་ཁག་གཅིག་བལ་བོད་ས་མཚམས་བརྒྱུད་ནས་བལ་ཡུལ་རྒྱལ་ནང་དུ་འབྱོར་སྐབས་བལ་ཡུལ་མཐའ་སྲུང་ཉེན་རྟོག་པས་བོད་མི་ཁོང་ཚོར་ཁྲིམས་མཐུན་གྱི་ལག་འཀྱེར་སོགས་གང་ཡང་མེད་ཚུལ་གྱིས་འཛིན་བཟུང་བྱས་འདུག ཁོང་ཚོ་བསྡོམས་པས་བོད་མི་བདུན་ཡོད་པ་རྣམས་ནི་བོད་ཤར་ཕྱོགས་ཨ་མདོ་ཁུལ་ཡིན་པ་རེད། ད་ལྟ་ཁོང་ཚོ་བལ་ཡུལ་གྱི་ནེ་པ་ལི་རྒན་ཇི་ཞེས་པའི་ས་ཁུལ་དུ་བལ་ཡུལ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་འོག་ཡོད་པ་དང་། མི་སྣ་དེ་དག་མགྱོགས་མྱུར་བལ་ཡུལ་གྱི་རྒྱལ་སར་ཡོད་པའི་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་སྐྱེལ་ཐུབ་རྒྱུའི་ལས་དོན་བསྒྲུབ་བཞིན་པའི་སྐོར་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བྱེད་བསོད་ནམས་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག
ཡང་གནས་ཚུལ་བརྒྱུད་ལམ་གཞན་ནས་བརྗོད་དོན། བོད་མི་དེ་དག་ལ་རྒྱ་ནག་གི་ཁྲིམས་མཐུན་ཕྱི་བསྐྱོད་ལག་འཁྱེར་ཡོད་པ་དང་། ཁོང་ཚོ་བལ་ཡུལ་དང་རྒྱ་གར་ལ་གནས་སྐོར་ཆེད་ཡོང་སྐབས་ས་གནས་ཉེན་རྟོག་པ་དང་གོ་བརྡ་མ་འཕྲོད་པར་བརྟེན་འཛིན་བཟུང་བྱས་འདུག་པ་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་བྱས་བྱུང་།
གསར་འགོད་པ་འཇམ་དཔལ་ཕུན་ཚོཊ།