བལ་ཡུལ་ཉེན་རྟོག་པས་བོད་མི་བདུན་འཛིན་བཟུང་བྱས་ཡོད་པ།
2009.02.25
༄༅༎བལ་ཡུལ་གྱི་རྒྱལ་ས་ཀཊ་མན་ཌུ་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་འདི་ཚེས་ཉི་ཤུ་ལྔའི་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་ཀཊ་མན་ཌུའི་བྱང་ཤར་དུ་ཀི་ལོ་མི་ཊར་སུམ་བཅུ་ཐམ་པའི་སར་སིན་དྷི་པལ་ཅོཀ་རྫོང་ནང་བོད་ནས་སྐྱེས་པ་ཕོ་ལྔ་དང་བུད་མེད་གཉིས་བཅས་བོད་མི་བདུན་ཁྲིམས་མཐུན་ཡིག་ཆ་མེད་པར་འཛུལ་ཞུགས་བྱས་ཡོད་ལུགས་ས་གནས་ཉེན་སྲུང་འགན་འཛིན་ཆུན་བ་ཧ་རྡུར་མ་གར་གྱིས་གསར་འགོད་པ་འགྲེལ་བརྗོད་བྱས་ཡོད་འདུག
བྲོས་བྱོལ་དུ་བསྐྱོད་མཁན་བོད་མི་དེ་དག་ལ་རོགས་པ་བྱེད་མཁན་བལ་པོའི་ཡུལ་མི་གསུམ་ཡོད་པ་དང་བོད་མི་དེ་དག་རེས་གཟའ་ཟླ་བའི་ཉིན་ཨན་རྡ་ཧ་རི་ཞེས་པའི་གྲོང་གསེབ་ཏུ་འབྱོར་སྐབས་འཛིན་བཟུང་བྱས་ཏེ་ཀཊ་མན་ཌུའི་ཕྱི་མི་ལས་ཁུངས་སུ་ཞིབ་འཇུག་ཆེད་རྩིས་སྤྲད་བྱས་ཡོད་པ་དང་ལོ་ལྟར་བཞིན་བོད་ནས་བོད་མི་ཁྲི་གཉིས་དང་ལྔ་སྟོང་ཙམ་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཡོང་གི་ཡོད་ཀྱང་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་རྗེས་སུ་དམ་བསྒྲགས་ཆེ་བའི་དབང་གིས་བྲོས་བྱོལ་དུ་ཡོང་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
མའོ་ཤོག་ཁག་གི་སྣེ་ཁྲིད་པའི་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་ལམ་ལུགས་ངོས་འཛིན་བྱས་ཏེ་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་ལམ་ཕྱོགས་འཛིན་མུས་ཡིན་པ་མ་ཟད་བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་ལས་འགུལ་སྤེལ་རྒྱུའི་བཀའ་འཁྲོལ་སྤྲོད་རྒྱུ་མིན་པའི་ཁས་ལེན་ཡང་ཡང་བྱེད་ཀྱི་ཡོད་པ་རེད༎