དམར་ཤོག་ཚོགས་པའི་དཔོན་རིགས་རྒྱ་གར་དུ་འཚམས་གཟིགས།
2010.10.31
༄༅༎རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་གྱི་ཚོགས་མི་དང་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་དང་ཁྲིམས་དོན་ལས་དོན་གྱི་དྲུང་ཆེ་ ཀྲའོ་ཡོངྒ་ཀང་རེས་གཟའ་ཉི་མའི་ཉིན་རྒྱ་གར་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་འབྱོར་གྱིས་གནམ་ཐང་རང་དུ་གསུང་བཤད་ཡིག་ཐོག་འགྲེམས་སྤེལ་གནང་ཡོད་ལུགས་གཞུང་འབྲེལ་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག།
གསུང་བཤད་ཀྱི་ནང་དོན་གཙོ་བོ་ནི། རྒྱ་ནག་དང་རྒྱ་གར་དབར་ལོ་ཉིས་སྟོང་ལྷག་གི་མཛའ་འབྲེལ་གྱི་ལོ་རྒྱུས་ཡོན་པ་མ་ཟད་ཕྱི་ལོ་༡༩༥༠འི་ནང་ཡུལ་གཉིས་ཟུང་འབྲེལ་ཐོག་ཞི་བདེ་མཉམ་གནས་ཀྱི་ཆིངས་ཡིག་དོན་ཚན་ལྡ་ཅན་སྣོན་འཇོག་བྱས་པ་དེ་གཉིས་མོས་མཛའ་འབྲེལ་གྱི་གཞི་རྩ་ཆགས་ཡོད་པ་མ་ཟད་རྒྱལ་སྤྱིའི་མཉམ་ལས་ཐོག་ཕན་ཐོགས་བྱུང་ཡོད་ལུགས་འཁོད་ཡོད་འདུག། ཀྲའོ་ཡོངྒང་གིས་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་ལམ་ཧང་ཅང་གལ་གནད་ཆེའི་གྲས་ཡིན་པ་དང་ ཡུལ་གཉིས་དབར་མཛའ་འབྲེལ་གོང་འཐོར་འཕེལ་རྒྱུའི་གོ་སྐབས་བཟང་པོ་ཡོད་ལུགས་འགྲེལ་བརྗོད་གནང་འདུག། ཐེངས་འདིའི་གཟིགས་སྐོར་རིང་རྒྱལ་ས་ལྡི་ལིར་ཡུལ་གཉིས་དབར་གཞུང་འབྲེལ་དབུ་བརྙེས་ནས་ལོ་༦༠ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་བགྲོ་གླེང་ཚོགས་ཤིག་གོ་སྒྲིག་ཞུས་ཡོད་པ་དེར་ཡང་ཀྲའོ་ཡོངྒ་ཀང་མཉམ་ཞུགས་གནང་གི་ཡོད་འདུག།