བན་དེ་མཁར་ཞུ་བས་རང་སྲེག་གནང་འདུག
2012.11.29
༄༅། །དེ་ཡང་ཁ་ས་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༧ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཁུལ་མཛོད་དགེ་ཡར་ཀི་སོག་སྡེ་ནས་ དགུང་ལོ་༢༡ ཡིན་པ་རྒྱལ་གཅེས་དཔའ་བོ་བན་དེ་མཁར་ཞུ་བས་ གཙོད་གྲོང་ཁྱེར་དུ་རང་ལུས་མེར་བསྲེགས་ཀྱིས་ རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སོང་ཡོད་འདུག གནས་ཚུལ་འབྱུང་ཁུངས་བྱམས་པ་ལགས་ཞུ་བས་བརྗོད་པ་ལྟར་ན། བན་དེ་མཁར་ཞུ་བའི་རྒྱལ་གཅེས་པ་ཁོང་གི་ཕ་ཡུལ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་པའི་གཙོད་གྲོང་ཁྱེར་དུ་སོང་སྟེ། " ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་བཀྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས" ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་ཡོད་འདུག རྒྱལ་གཅེས་དཔའ་བོ་བན་དེ་མཁར་ཞུ་བ་ཁོང་ནི། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་ མདོ་སྨད་མཛོད་དགེ་ཤོག་པ་ལྔའི་ནང་ཚན་རྐང་ཚའི་ཡར་ཀི་སོག་སྡེ་ནས་ཡིན་པ་དང་། ཁོང་གི་པ་ལགས་ཀྱི་མཚན་ལ་ཚེ་རིང་ཐར་དང་། ཨ་མ་ལགས་ཀྱི་མཚན་ཀུན་བཟང་སྒྲོལ་མ་ཡིན་འདུག་པ་དང་། ཁོང་ལ་སྤུན་མཆེད་གཉིས་ཡོད་པའི་ནང་ནས་ ཆེ་བའི་མིང་ལ་བྱམས་པ་དང་། ཆུང་བའི་མིང་ལ་སངས་རྒྱས་དོན་འགྲུབ་ཞུ་ཡི་ཡོད་འདུག དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱལ་གཅེས་དཔའ་བོ་ཁོང་གི་རང་ཁྱིམ་དུ་ ཡུལ་ལུང་དགོན་སྡེ་ཁག་ནས་འདས་མཆོད་བསྔོ་སྨོན་བྱེད་བཞིན་པ་ཡོད་པ་དང་། ད་ལྟའི་ཆར་ས་གནས་ནང་དྲག་ཆས་དམག་མིས་དམ་བསྒྲགས་ལ་བརྟེན་ནས་ ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ཁག་པོ་ཆགས་ཡོད་འདུག།