རང་སྲེག་མཚམས་འཇོག་ཡོང་བའི་འབོད་བསྐུལ།
2012.11.29
༄༅། །དེ་ཡང་ ཕྱི་ཟླ་༡༡ པའི་ཚེས་༡༩ ཉིན་འགྲེམས་སྤེལ་གནང་བའི་པྱག་བྲིས་དེའི་ནང་། རིན་ཐང་བྲལ་བའི་འགྲོ་བ་མིའི་ལུས་རྟེན་བཟང་པོ་འདི་ལྟ་བུ་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ད་རེས་ལན་གཅིག་རྙེད་པ་འདི། སྐྱོ་སྡུག་འཕྲལ་རྐྱེན་གྱི་དབང་གིས་མི་གཏོང་བར། རང་དང་འགྲོ་བ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་ཐུབ་པའི་ཐབས་སུ་ད་དུང་ཡུན་རིང་པོ་བེད་སྤྱོད་གཏོང་རྒྱུའི་སེམས་ཤུགས་ངེས་པར་དུ་སྐྱེས་དགོས། རང་གཞན་ཀུན་ལ་སྡུག་བསྔལ་ཉིས་བརྩེགས་ཀྱི་ཐབས་སྐྱོ་བའི་གནས་ཚུལ་འདི་རིགས་མྱུར་དུ་མཚམས་འཇོག་ཡོང་བར་སྤྱི་ཚོགས་ལ་ཤ་ཚ་བ། མིའི་ཚེ་སྲོག་ལ་ཤ་ཚ་བའི་ཀུན་སློང་རྣམ་དག་གིས་སྤུས་མོ་ས་ལ་བཙུགས། ལག་ཀྱི་ཐལ་མོ་སྙིང་གར་སྦྱར་ཏེ། ནག་པོ་སྐྱོན་དང་བྲལ་བའི་སེམས་ཀྱི་རེ་བ་དཀར་པོ་ཕུར་ཚུགས་སུ་ཞུ་རྒྱུ་ཡིན། རིང་མིན་འཕྲལ་དུ་སེལ་འོས་ཤིང་སེལ་དགོས་པའི་སྤྱི་ཚོགས་དང༌། མི་རིགས་ཀྱི་རྒྱུན་འབྱམས་ཀྱི་གནད་དོན་ཀྱི་རིགས་དང༌། མི་རིགས་ཀྱི་བདེ་སྡུག་ངེས་པར་དུ་འགན་འཁུར་དགོས་པའི་རེ་སྐུལ་ནན་མོ་ང་ཚོས་སེམས་ཤུགས་ཆེར་བསྐྱེད་རང་ནུས་ཡོད་རྒྱུ་བཏོན་ཏེ་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་དང༌། ཡང་ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་འགན་འཛིན་གྱིས། བོད་ནང་དུ་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གཏོང་གི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་ལ་བོད་མིའི་དཀའ་སྡུག་སེལ་ཐབས་བྱ་དགོས་པའི་ནན་སྐུལ་ཞུས་པ་དང༌འབྲེལ། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བ་མ་ཡིན་པའི་ཐབས་ལམ་གཞན་བརྒྱུད་ནས་སེམས་ཚོར་སྟོན་རོགས་ཞེས་འབོད་སྐུལ་གནང་འདུག །