རང་ལུས་མེར་བསྲེགས་གནང་མཁན་ཞིག་གློད་གྲོལ་བཏང་འདུག
2017.07.30

དེ་སྔ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་བློ་བཟང་སྐལ་བཟང་ལགས་གློད་གྲོལ་བཏང་འདུག
འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧་ཟླ་༧་ཚེས་༢༩་ཉིན་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་རྔ་བ་ཏིག་ཡང་བཙོན་ཁང་ནས་གློད་གྲོལ་བཏང་འདུག
དེ་སྔ་སྤྱི་ལོ་༢༠༡༡་ཕྱི་ཟླ་ ༩ ་ཚེས་ ༢༦ ་ཉིན། རྔ་བ་ཀིརྟི་དགོན་པའི་རང་ལོ་ ༡༨ ་ཡིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་དང་། རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ། “༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས།”་ཞེས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། ཅང་མ་འགོར་བར་ཉེན་རྟོག་པ་དང་དྲག་ཆས་དམག་མི་མང་པོ་ཡོང་ནས་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རྒྱ་གཞུང་གིས་བཙན་ཁྲིད་རྗེས་ད་ལྟ་བར་གར་སོང་ཆ་མེད་དུ་གྱུར་ནས་གནས་ཚུལ་ཡང་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད།
ད་ཆ་མི་ལོ་དྲུག་ཙམ་གྱི་རྗེས་སྤྱི་ལོ་༢༠༡༧་ཟླ་༧་ཚེས་༢༩་ཉིན་གྲྭ་བློ་བཟང་སྐལ་བཟང་ལགས་རྔ་བ་ཏིག་ཡང་བཙོན་ཁང་ནས་གློད་གྲོལ་བཏང་བའི་གནས་ཚུལ་ཁ་གསལ་ཐོན་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་ཁོང་གི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ཁོང་ནི་རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲ་ཤིས་ཀྱི་བུ་དང་། ༢༠༡༡ལོའི་ཟླ་༣་ཚེས་༡༦་ཉིན་རང་ལུས་མེར་སྲེག་གནང་མཁན་གྲྭ་ཕུན་ཚོགས་ལགས་ཀྱི་ཚ་བོ་ཡིན་པ་རེད།
ཉེ་བའི་ནང་རྒྱ་ནག་གཞུང་གིས་ད་ལྟའི་བར་དུ་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཀིརྟི་དགོན་པའི་བློ་བཟང་དཀོན་མཆོག་དང་། བློ་བཟང་རྒྱ་མཚོ། བློ་བཟང་སྐལ་བཟང་བཅས་དངོས་སུ་གློད་གྲོལ་བཏང་ཡོད་པ་རེད།།
གསར་འགོད་པ་ཀླུ་འབུམ།