གསུམ་བཅུའི་དུས་དྲན་རྗེས་ལྷ་སར་ཅུང་གུ་ཡངས་ཀྱི་རྣམ་པ།

འདི་ལོའི་གསུམ་བཅུའི་དུས་དྲན་ཚར་བ་དང་ལྷ་སའི་ནང་བདེ་སྲུང་ཡང་གུ་ཡངས་སུ་བཏང་བའི་གནས་ཚུལ་འདུག

2012.03.12

༄༅།།འདི་ལོའི་གསུམ་བཅུའི་དུས་དྲན་ཚར་བ་དང་ལྷ་སའི་ནང་བདེ་སྲུང་ཡང་གུ་ཡངས་སུ་བཏང་བའི་གནས་ཚུལ་འདུག དེ་ཡང་ཁ་ས་རེས་གཟའ་ཉི་མ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བདེ་སྲུང་གུ་ཡངས་སུ་ཕྱིན་པའི་ཚོར་སྣང་བྱུང་ཡོད་ཀྱང་ད་དུང་དགོན་པ་ཁག་དང་ལྷ་སའི་སྲང་ལམ་སོགས་ཀྱི་ནང་ཉེན་རྟོག་མི་སྣ་ཁྱོན་ཆེ་གནས་ཡོད་ལུགས་ཀྱིཡོ་དྲོ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག། ལྷ་སའི་ཇོ་ཁང་གི་རྒྱལ་སྒོའི་མདུན་དུ་དམིགས་བསལ་ཉེན་རྟོག་མི་སྣ་ཉི་ཤུ་ལྷག་གིས་སྲུང་བྱ་དམ་པོ་བྱེད་བཞིན་ཡིན་པ་དང་ དེ་བཞིན་བར་སྐོར་དང་ར་མོ་ཆེ་སོགས་སུ་ཉེན་རྟོག་པ་མང་པོས་སྐོར་བསྐྱོད་བྱེད་བཞིན་ཡིན་འདུག་། 
རེས་གཟའ་སྤེན་པ་གསུམ་བཅུའི་དུས་དྲན་ཉིན་སྐོར་སྲུང་དམག་མི་འཁྱེར་བའི་ཌག་འཁོར་མང་པོ་ལྷ་སའི་ནང་སྐོར་བསྐྱོད་བྱས་པ་དངོས་སུ་མཐོང་མཁན་བོད་མི་ཞིག་གིས་ཀྱིཡོ་ཀྲོ་གསར་འགོད་པར་གསུང་བཞག། དེ་བཞིན་བོད་མི་གཞན་ཞིག་གིས་ལྷ་སའི་ནང་བདེ་སྲུང་དམ་བསྒྲཌ་ཧ་ཅང་ཆེ་བའི་ཆ་ནས་ ཕྱི་ལོ་༢༠༠༨ལོར་བྱུང་བའི་ཞི་རྒོལ་ཆེན་མོ་དེ་འདྲ་བསྐྱར་དུ་ཡོང་མི་སྲིད་པ་འདྲ་པོ་འདུག་ཅེས་གསུང་བཞག། ལྷ་སར་མཆོད་མཇལ་དང་ཕ་མ་སྤུན་མཆེད་ཐུག་འཕྲད་ཆེད་ཕྱི་ནས་ཡོང་བའི་བོད་མི་རྣམས་ལ་འདྲི་ཞིབ་ནན་པོ་བྱས་ཏེ་བསུན་པོ་བཟོ་གི་ཡོད་པ་དང་ ངོ་སྤྲོད་ལག་ཁྱེར་ཚད་ལྡན་མེད་མཁན་ཚོར་དཀའ་ངལ་ཆེན་པོ་ཡང་འཕྲད་ཀྱི་ཡོད་འདུག ཡང་དགོན་པ་ཁག་གི་འགྲོ་ལམ་ཚང་མར་ཉེན་རྟོག་སྐོར་སྲུང་བ་བཞག་ཡོད་པ་དང་ ལྷ་སའི་ནང་མེ་གསོད་སྣུམ་འཁོར་ཡང་སྔར་ལས་མང་བ་མཐོང་རྒྱུ་ཡོད་འདུག དེ་ནི་རང་ལུས་མེར་བསྲེག་གཏོང་མཁན་བྱུང་ཚེ་འཕྲལ་དུ་མེ་གསོད་ཐབས་ཆེད་དུ་ཡིན་པ་རེད། དེ་བཞིན་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་གོང་དཀར་གནམ་ཐང་གི་འགྲོ་ལམ་དང་ གནམ་ཐང་སོགས་སུའང་བདེ་སྲུང་དམ་བསྒྲགས་ཆེ་རུ་བཏང་ཡོད་འདུག་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎