རྒྱལ་ཚོགས་ཀྱི་བདེ་འཇཌ་ལྷན་ཚོཌ་ནས་བྱང་ཀོ་རི་ཡར་སྐྱོན་བརྗོད།
2009.07.07
༄༅༎རེས་གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་པ་དེར་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་དེ་ནི་རྒྱལ་ཚོགས་ཀྱི་གྲོས་ཆོད་རིམ་པ་བཞག་པ་ཁག་དང་འགལ་འཛོལ་བྱས་པ་ཞིག་ཡིན་པར་མ་ཟད་མངའ་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་ལས་ཡང་ཉེན་ཁ་བཟོ་བའི་ལས་དོན་ཞིག་ཡིན་པ་གསུངས་སྟེ་དགག་བྱ་དང་སྐྱོན་བརྗོད་གནང་འདུག
ཡུལ་གྲུ་བཅོ་ལྔ་ལས་གྲུབ་པའི་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་སྐྱོན་བརྗོད་ཀྱི་ཚིག་བརྗོད་ཞི་འཇམ་ཞིག་ལས་མེད་པའི་སྤྱི་བསྒྲགས་ཤིག་སྤེལ་བ་དེའི་ནང་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་བཞག་པའི་གྲོས་ཆོད་ཁག་ལ་བརྩི་སྲུང་དགོས་ལུགས་འཁོད་ཡོད་འདུག་ལ་དེ་བཞིན་སྤྱི་བསྒྲགས་དེའི་ནང་འབྲེལ་ཡོད་ཡུལ་གྲུ་གཞན་ཁག་གིས་ཀྱང་མངའ་ཁུལ་བདེ་འཇགས་ཀྱི་གནས་བབས་ཛ་དྲག་ཏུ་གཏོང་བའི་ལས་དོན་སྤེལ་རྒྱུ་མེད་སྐོར་ཡང་འཁོད་ཡོད་འདུག
ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་སྤེལ་བའི་སྤྱིར་བསྒྲགས་དེའི་ནང་རྒྱལ་ཚོགས་ཀྱི་ངོས་ནས་ཀོ་རི་ཡ་བྱང་མའི་གནད་དོན་འདི་ཞི་བ་དང་ཆབ་སྲིད་ཀྱི་བརྒྱུད་ལམ་གྱི་ཐོག་ནས་སེལ་ཐབས་བྱ་རྒྱུར་འདུན་པ་བརྟན་པོ་ཡོད་པ་དང་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཞིར་བཟུང་མངའ་ཁུལ་དེའི་ནང་གི་གནས་ཚུལ་ཁག་ལ་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་བརྗོད་འདུག
ཉི་ཧོང་གཞུང་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡུཀིའོ་ཏ་ཀ་སུས་རྒྱལ་ཚོགས་ཀྱི་སྤྱི་བསྒྲགས་དེར་དགའ་བསུ་ཞུས་ཡོད་ལ་དེ་བཞིན་ལྷོ་ཀོ་རི་ཡའི་གཞུང་ནས་ཀྱང་དགའ་བསུ་ཞུས་འདུག བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་སོགས་ཀྱི་ཉེན་ཚབས་ཆེ་ཤོས་ཡོད་པའི་ཡུལ་གྲུ་ཡང་ཉི་ཧོང་དང་ལྷོ་ཀོ་རི་ཡ་ཡིན་པ་རེད།
ཟླ་བ་སྔོན་མར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་བལྟ་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ནས་ཀོ་རི་ཡ་བྱང་མའི་ཐོག་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་ལྕི་པོ་འགེལ་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་ན་ཡང་བྱང་ཀོ་རི་ཡའི་ངོས་ནས་གྲོས་ཆོད་འདི་ལྟ་བུར་བརྩི་འཇོག་གང་ཡང་བྱེད་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་སྟོན་བཞིན་ཡོད་པ་རེད།