བོད་རྒྱ་གྲོས་མོལ་གྱི་ནང་དོན་གསང་རྒྱ་དམ་པོ་ཡིན་སྐོར།
2008.07.02
༄༅༎ཉེ་ལམ་ཕྱི་ཟླ་༣པའི་ཚེས་༡༠ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་མིའི་དབང་སྒྱུར་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་གནང་བའི་རྗེས་བོད་ཀྱི་ས་ཁུལ་མང་པོའི་ནང་མང་ཚོགས་ཀྱི་ཞི་བའི་སྒེར་ལངས་བསྟུད་མར་བྱུང་བའི་ཐོག་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་ཏེ། བོད་མི་ཚོའི་ཚེ་སྲོག་ལ་གནོད་སྐྱོན་ཚབས་ཆེ་བྱུང་བའི་དཀའ་རྙོག་དེ་དག་སེལ་ཐབས་སུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་ཕྱོགས་དབར་རེས་གཟའ་མིག་དམར་དང་ལྷག་པ་བཅས་ཉིན་གྲངས་གཉིས་རིང་གྲོས་མོལ་གནང་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གིས་ རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་རྣམ་པའི་དབར་ཉིན་གཉིས་ཀྱི་གྲོས་མོལ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གནང་རྒྱུ་ཡིན་སྐོར་གསུངས་ཡོད་ནའང་། རྒྱ་ནག་གི་དཔོན་རིགས་ཚོས་ གྲོས་མོལ་དེ་ག་བར་གནང་རྩིས་ཡོད་མེད་དང་གྲོས་བསྡུར་གྱི་བརྗོད་གཞིའི་སྐོར་གང་ཡང་འགྲེལ་བརྗོད་མ་གནང་བར་གསང་རྒྱ་དམ་པོ་གནང་བཞིན་ཡོད་པ་རེད།
ཁ་ས་ཨེ་པི་གསར་ལས་ཁང་གིས་ གོང་ཞུས་གྲོས་མོལ་གོ་སྒྲིག་གནང་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཚན་པའི་དྲིལ་བསྒྲགས་ལས་ཁུངས་ལ་ཞལ་པར་ཐོག་ནས་རྩད་གཅོད་གནང་སྐབས་ཞལ་པར་ལ་ལན་བྱེད་མཁན་བྱུང་མི་འདུག།
བཙན་བྱོལ་བོད་གཞུང་ནས། ཕྱོགས་གཉིས་དབར་གྱི་གྲོས་མོལ་གནང་གྲུབ་པའི་རྗེས་སུ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསལ་བསྒྲགས་གནང་སྲིད་རྒྱུ་ཡིན་སྐོར་གསུངས་བཞག།
ད་རེས་རྒྱ་ནག་གིས་བར་ཆད་མེད་པར་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་དེ་ཚུགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐབས་དེར། བོད་རྒྱ་ཞི་མོལ་ཐེངས་བདུན་པ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཨོ་ལིམ་པིག་འགྲན་ཚོགས་དེ་མ་ཚུགས་གོང་དེར་རྒྱ་ནག་ལ་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཉུང་དུ་འགྲོ་རྒྱུའི་རེ་བའི་ཐོག་ནས་གྲོས་མོལ་དེར་མོས་མཐུན་བྱས་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།