བསོད་ནམས་དར་རྒྱས།
2012.03.17
༄༅༎དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༩།༣༠ པ་ཡས་མས་ཙམ་ལ། སླར་ཡང་བོད་ཨ་མདོ་རེབ་གོང་རྨ་ལྷོ་ཁུལ་དུ་བོད་མི་བསོད་ནམས་དར་རྒྱས་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག
བསོད་ནམས་དར་རྒྱས་ལགས་ཀྱིས་རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་སྐུ་ལུས་ལ་མེ་སྤར་ཞིང༌། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་ཀྱིས་གནས་ཚུལ་བཏང་བར་གཞིགས་ན། བསོད་སྦེའམ་ བསོད་ནམས་རང་རྒྱས་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་འཇུག་དགོས། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་རང་དབང་སྤྲོད་དགོས་པ་སོགས་ཀྱིས་ངོ་རྒོལ་སྐད་འབོད་ཀྱང་གནང་འདུག། སྒྲོལ་མ་ཐང་ཆེན་དུ་འཛོམས་པའི་བོད་མི་ཚོས་ཁོང་གི་སྐུ་ལས་ཐོག་འབར་བཞིན་པའི་མེ་གསོད་ཐབས་བྱས་འདུག་ཀྱང༌། མེ་ཧ་ཅང་གི་ཆེན་པོ་འབར་བར་བརྟེན་མེ་བསད་མ་ཐུབ་པར་དུས་ཡུན་སྐར་མ་བཞི་བཅུ་ཙམ་གྱི་ནང་ཁོང་འདས་གྲོངས་སུ་གྱུར་འདུག། རེབ་གོང་རོང་པོ་དགོན་དུ་བོད་མི་སྟོང་ཚོ་བརྒལ་བ་འཛོམས་ཏེ་ཁོང་གི་སྐུ་ཕུང་ས་གནས་རྒྱ་མིའི་དབང་འཛིན་པ་ཚོས་བཙན་འཕྲོག་མི་ཡོང་བའི་སྲུང་སྐྱོབ་བྱས་འདུག་ལ། དེ་རྗེས་ཁོང་གི་སྐུ་ཕུང་སྦྱིན་བསྲེགས་ཞུ་བའི་སྐབས་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་འདུག
ད་དུང་ས་གནས་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་འགྲེལ་བརྗོད་བྱས་པར་གཞིགས་ན་ འདུ་འཛོམས་བྱུང་བའི་བོད་མི་ཚོས་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་འདུག་པ་དང༌། དགོན་པའི་བླ་མ་སོགས་ཀྱིས་མང་ཚོགས་ལ་ཞི་འཇམ་ཡོང་བའི་འབོད་བསྐུལ་དང་སློབ་གསོ་སྐྱོན་པ་དེས། མི་དམངས་དང་ཉེན་རྟོག་པའི་དབར་འཁྲུག་རྫིང་སོགས་བྱུང་བའི་དུས་ཟིངས་ཀྱི་ཉེན་ཁ་ལས་གཡོལ་ཐུབ་པ་བྱུང་ཡོད་འདུག།
བསོད་སྦེ་ལགས་སམ་བསོད་ནམས་དར་རྒྱས་ལགས་ནི་འདི་ལོའི་ནང་ཨ་མདོ་རེབ་གོང་ནས་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་སྐུ་ལུས་མེར་བསྲེགས་བཏང་མཁན་གཉིས་པ་དེ་ཡིན་ཞིང༌། ཁོང་དགུང་ལོ་ ༤༣ ཙམ་ཡིན་འདུག་ལ་ ཕྲུ་གུ་གསུམ་གྱི་ཕ་ཞིག་ཡིན་འདུག།