ཉི་ཧོང་ནང་ཨེ་ཤི་ཡའི་གླིང་ཕྲན་གྱི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས།

ཉི་ཧོང་ནང་ཨེ་ཤི་ཡའི་གླིང་ཕྲན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་འདུག

2008.07.03

༄༅༎བཙན་བྱོལ་བོད་གཞུང་གི་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ མ་ཀི་ནོ་ སེ་ཤུ་མཆོག་ནས་གོ་སྒྲིག་གནང་བའི་འོག་བོད་སྐྱོབས་ཞེས་པའི་འབྲེལ་མཐུད་ཚོགས་པས་ཉི་ཧོང་ཁུལ་རིང་མིན་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན་མ་མཚུགས་པའི་གོང་བོད་ཀྱི་གནད་དོན་ཐོག་གླེང་སྟེགས་ཀྱི་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་འདུག། ཐེངས་འདིའི་ཚོགས་འདུའི་སྐབས། ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གནད་ཡོད་མི་སྣ་དང༌། མང་ཚོགས། དེ་བཞིན་ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག། ཐའེ་ལྦན། དེ་བཞིན་ཡུ་གུར། ནང་སོག་བཅས་ཀྱི་སྐུ་ཚབ་དང༌། བོད་དོན་རྒྱབ་སྐྱོར་ཚོགས་མི་བཅས་འབྲེལ་ཡོད་མི་སྣ་ཉིས་བརྒྱ་སྐོར་ཞིག་ནས་མཉམ་ཞུགས་བྱས་ཡོད་འདུག། ཚོགས་འདུ་འདིིའི་ཐོག་འབྲེལ་ཡོད་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་དང༌། ཤར་ཨེ་ཤི་ཡ་དང་། ཐའེ་ལྦན། ཨོ་སོ་ཀྲོ་ལི་ཡའི་བཅས་གསུམ་གྱི་བོད་གཞུང་སྐུ་ཚབ་དོན་གཅོད་རྣམས་ནས་ཀྱང་ཕེབས་ ཡོད་པ་རེད།

ཚོགས་འདུ་འདི་གོ་སྒྲིག་གནང་མཁན་སྐུ་ཞབས་མ་ཀི་ནོས། ཉེ་ཆར་བོད་ནང་བྱུང་བའི་ཛ་དྲག་གི་གནད་དོན་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་དང༌། རྒྱབ་སྐྱོར་མུ་མཐུད་གནས་ཐབས་སུ་རིང་མིན་ཉི་ཧོང་ལ་ཚུགས་རྒྱུའི་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན་ཐོག་གླེང་སློང་ཡོང་ཐབས་སུ་དམིགས་ནས་ཚོགས་བསྐོངས་གནང་བ་ཞིག་ཡིན་སྟབས་ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ཚོར་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང༌། ཁོར་ཡུག་གི་གནད་དོན་སོགས་ཀྱི་ཐོག་ངེས་པར་དུ་ཞུ་སྐུལ་བྱེད་དགོས་ཀྱི་འདུག་ཅེས་དང་། དེ་བཞིན་ཚོགས་བཅར་བ་ཡུ་གུར་དང༌། ནང་སོག་གི་སྐུ་ཚབ་རྣམ་གཉིས་ནས་ཀྱང་ཡུལ་གྲུ་དེ་གཉིས་ཀྱི་གནས་སྟངས་ནང་བཞིན་བོད་འདི་ཡང་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་གྱུར་བ་དང༌། ཆོས་དང་རིག་གཞུང་རྩ་བརླག་ཏུ་མི་འགྲོ་བའི་ཐབས་ལམ་འཚོལ་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་གསུངས་པ་སོགས་གང་ལྟར་ཚོགས་འདུ་འདིའི་ཐོག་ཚང་མས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ཐོག་ནས་ངེས་པར་དུ་དགོངས་པ་བཞེས་དགོས་པའི་གནད་དོན་ཞིག་ཡིན་པ་ངོ་སྤྲོད་བྱེད་དགོས་པའི་དགོངས་ཚུལ་གསུངས་ཡོད་འདུག། སང་ཉིན་ཚེས་བཞི་ཉིན་མཐའ་མའི་གྲོས་ཆོད་བཞག་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎