རྒྱ་ནག་དང་ཡོ་རོབ་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་འགྲོ་རྒྱུའི་ཉེན་བརྡ།
2008.12.07
༄༅༎རེས་གཟའ་སྤེན་པའི་ཉིན་པོའོ་ལེན་དུ་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བ་དེར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཕྱོགས་ནས་མུ་མཐུད་བསྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་བར་གྱི་འབྲེལ་ལམ་ལ་གནོད་སྐྱོན་ཆེ་རུ་འགྲོ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་བ་དེ་ནི་རྒྱ་ནག་ཕྱོགས་ནས་སྲིད་འཛིན་སར་ཀོ་ཛི་མཆོག་ལ་སྐྱོན་བརྗོད་རིམ་པ་བྱས་པ་དང་ལྷག་པར་དུ་དེར་ངོ་རྒོལ་རྣམ་པ་མཚོན་ཐབས་སུ་རྒྱ་ནག་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་ཏེ་ཉིན་གྲངས་ལྔ་ཕྱིན་པའི་རྗེས་སྔོན་གྱི་འཆར་གཞི་ཟིན་པ་ལྟར་མཇལ་འཕྲད་གནང་ཡོད་པར་བརྟེན་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧོ་ཡ་ཕེ་ཡིས་རྒྱ་ནག་གི་སི་སི་ཀྲི་ལྦི་བརྙན་འཕྲིན་ཐོག་ལ་ཕེ་རན་སིའི་སྲིད་འཛིན་ལ་ཁ་རྡུང་དང་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད་དེ་ཉིན་གྱི་ཕྱི་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཕེ་རན་སིའི་གཞུང་ཚབ་པ་ཧལྦ་ལ་སུསི་ཡང་འབོད་འགུག་བྱས་ཏེ་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱས་པ་རེད་ཅེས་དང་རྒྱ་ནག་གི་ཁེ་ཕན་ལ་ཚབས་ཆེའི་གནོད་འཚེ་བཟོས་པ་དང་རྒྱ་ནག་མི་དམངས་ཀྱི་ཚོར་བ་གནོད་འཚེ་ཚབས་ཆེ་བཟོས་པ།རྒྱ་ནག་དང་ཕེ་རན་སི་བར་གྱི་འབྲེལ་ལམ་དང་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་བར་གྱི་འབྲེལ་ལམ་འགོག་རྐྱེན་བཟོས་པ།རྒྱ་ནག་ཕྱོགས་ནས་ཕེ་རན་སིའི་སྲིད་འཛིན་གྱི་བྱ་སྤྱོད་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་དེ་ཁོང་ཁྲོའི་རྣམ་པ་ཤུགས་ཆེན་པོ་བཏོན་ཡོད་པ་རེད། སྲིད་འཛིན་སར་ཀོ་ཛི་ནི་དེང་སྐབས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་རེས་མོས་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་ཡོད་པ་དང་ཁོང་གིས་རྒྱ་ནག་ཕྱོགས་ཀྱི་སྐྱོན་བརྗོད་རིམ་པ་དང་ཉེན་བརྡའི་འཇིགས་སྐུལ་རིམ་པ་བཏང་བ་ཁག་རྩིས་མེད་དུ་བཏང་སྟེ་ཕེ་རན་སིའི་སྲིད་འཛིན་གྱི་ངོ་བོའི་ཐོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།