བོད་ཀྱི་རིག་གནས་ཐོག་མཁས་པ་སྟོན་རྒྱུ་ཡོད་པ་ཞིག་དགོས་པ་མ་གཏོགས། ཚོགས་འདུ་མང་པོར་འགྲོ་གྲོན་ཕོན་ཆེ་བཏང་སྟེ་གྲོགས་པོ་གྲོགས་མོ་ཐུག་པའི་ཟོལ་གྱིས་འགྲོ་བཞག་ན། ལས་རྒྱུ་འབྲས་ལ་འགྲོ་ཡི་མ་རེད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ས་རཱ་མཐོ་སློབ་ཀྱི་བོད་རིག་པའི་བགྲོ་གླེང་དབུ་འབྱེད་གནང་སྐབས་གསུངས་པ།
2024.08.20
རྡ་རམ་ས་ལའི་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐབས་ ༡༧ པའི་ས་རཱ་མཐོ་སློབ་ཀྱི་བོད་རིག་པའི་བགྲོ་གླེང་དེ་བཞིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ས་རཱ་གཞོན་ནུའི་རུ་ཁག་བཅས་མཉམ་རུབ་ཀྱིས། ས་ཪཱ་མཐོ་སློབ་ཏུ་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་འགོ་འཛུགས་ཞུས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས། གཞོན་སྐྱེས་ཚོས་མ་འོངས་པར་བོད་ཀྱི་རིག་གནས་ཐོག་མཁས་པ་སྟོན་རྒྱུ་ཡོད་པ་ཞིག་དགོས་པ་མ་གཏོགས་ཚོགས་འདུ་མང་པོར་འགྲོ་སོང་ཕོན་ཆེ་བཏང་སྟེ་གྲོགས་པོ་གྲོགས་མོ་ཐུག་པའི་ཟོལ་གྱིས་འགྲོ་བཞག་ན། ལས་རྒྱུ་འབྲས་ལ་འགྲོ་ཡི་མ་རེད་ཅེས་ལམ་སྟོན་གནང་འདུག
ཡང་བགྲོ་གླེང་དུ་ཕེབས་པའི་ཝཱ་ཎ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་འབུམ་རམས་པ་བྱམས་པ་བསམ་གཏན་ལགས་ཀྱིས། བོད་རིག་པའི་ཞིབ་འཇུག་གི་བྱུང་བ་དང་འཕེལ་རིམ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་སྐབས། དང་པོ་བཙན་བྱོལ་དུ་ཕེབས་པའི་བོད་མི་ཁྲི་བརྒྱད་ཙམ་གྱི་ཁྲོད་ཆོས་ལུགས་རིས་མེད་ཀྱི་བླ་མ་དགེ་བཤེས་ཉུང་ཤས་ཤིག་མ་གཏོགས་མེད་པ་དེ་ཚོས་མཁྱེན་ཡོན་གྱི་ས་བོན་བསྐྲུན་ཏེ། འཛམ་གླིང་ཡོངས་ལ་བོད་རིག་པའི་སྐོར་རྒྱུས་མངའ་ཡོད་པ་ཞིག་བཟོས་ཐུབ་ཡོད་པ་ནི། བཙན་བྱོལ་གྱི་གནས་སྟངས་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱི་འོག་ནས་བཙན་བྱོལ་བོད་མི་སྤྱི་སྒེར་གཉིས་ཀྱིས་བསྐྲུན་པའི་བྱས་རྗེས་ཆེན་པོ་ཞིག་རེད་ཅེས་གསལ་སྟོན་གནང་གི་འདུག
ཚོགས་ཞུགས་པ་སྐད་བརྡ་རིག་པའི་ཉམས་ཞིབ་སློབ་མ་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། མཁས་པ་ཚོས་ཐ་སྙད་བེད་སྤྱོད་བྱེད་སྟངས་དང་རྒྱུ་ཆ་འཚོལ་སྟངས་སོགས་མང་པོའི་ཐོག་མིག་དཔེ་བལྟ་རྒྱུ་དང་། བླང་དོར་གྱི་རྣམ་གཞག་མང་པོ་ལག་བསྟར་ཡོང་རྒྱུར་ཕན་ཐོགས་ཡོང་རེ་ཡོད་པ་གསུངས་པ་དང་། ཚོགས་ཞུགས་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ས་རཱ་མཐོ་སློབ་ཏུ་རིག་གནས་སྦྱང་གི་ཡོད་པ་དང་། བོད་རིག་པའི་བགྲོ་གླེང་འདིར་མཁས་པ་མང་པོ་ཡོད་པར་ཞིབ་འཇུག་གི་ཆེད་ལས་མི་འདྲ་བ་དང་། མཁས་པ་སོ་སོའི་ཞིབ་འཇུག་གི་ཐབས་ལམ་མི་འདྲ་བར་ང་ཚོས་སློབ་སྦྱོང་ལེན་ཐུབ་པའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ས་རཱ་མཐོ་སློབ་ཏུ་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༣ བར་འཚོག་བཞིན་པའི་བོད་རིག་པའི་བགྲོ་གླེང་འདིར། དགའ་ལྡན་ཕོ་བྲང་གི་གསུང་འབུམ་ཕྱོགས་སྒྲིག་ཁང་དང་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་། ས་རཱ་མཐོ་སློབ་དང་ཝཱ་ན་མཐོ་སློབ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཅས་ཀྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པ་ཁག་ཅིག་གིས། བོད་ཀྱི་ལོ་རྒྱུས་དང་། རྩོམ་རིག བརྡ་སྤྲོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤྱི་ཚོགས་རིག་གནས་སོགས་རིག་ཚན་འདྲ་མིན་གྱི་སྟེང་དཔྱད་རྩོམ་སྒྲོག་སྦྱང་གནང་གི་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།