སངས་རྒྱས་སྐྱབས་རྒྱ་ནག་གིས་བོད་ནས་ཕྱིར་ཕུད་བྱས་འདུག
2015.01.30
ལག་འཁྱེར་ཁ་པར་ནས་༧གོང་ས་མཆོག་ལ་བསྟོད་གླུ་ཁ་ཤས་ཡོད་པ་ལག་སོན་བྱུང་བར་བརྟེན་རྒྱ་ནག་གིས་ཉེན་རྟོག་པས་གཅར་རྡུང་བྱས་འདུག
དེ་ཡང་བལ་ཡུལ་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། རྒྱ་ནག་གི་ཉེན་རྟོག་པས་ཟླ་བ་འདིའི་སྤྱི་ཚེས༢༠ཉིན་བོད་ཀྱི་ནུབ་ཕྱོགས་སྟོད་དིང་རི་ས་གནས་ནས་བོད་མི་སངས་རྒྱས་སྐྱབས་ཞེས་པ་འཇུ་བཟུང་བྱས་ཡོད་པ་དང་། སངས་རྒྱས་སྐྱབས་ཀྱིས་བརྗོད་དོན་དུ། ཁོ་པར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྤྲད་པའི་ཡུལ་མིའི་ཐོབ་ཐང་ལག་འཁྱེར་དང་། ཡིག་ཆ་ཁག་གཅིག་ཡོད་ཀྱང་དིང་རི་ས་གནས་ཀྱི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཡིག་ཆ་དེ་དག་ལ་ཁོང་གི་མཛུབ་ཐེལ་མེད་པ་དང་། གཞུང་གི་རྩིས་འཁོར་ཐོ་གཞུང་ལ་མེད་ཚུལ་སོགས་བཤད་ནས་ངོས་ལེན་མ་བྱས་པའི་ཐོག་འཇུ་བཟུང་བྱས་འདུག ཁོང་འཛིན་བཟུང་སྐབས་ཉེན་རྟོག་པས་ཁོང་གི་ལག་འཁྱེར་ཁ་པར་དང་ཅ་དངོས་ཡོངས་རྗོགས་སྔོག་བཤེར་བྱེད་སྐབས་ལག་འཁྱེར་ཁ་པར་ནང་༧གོང་ས་མཆོག་ལ་བསྟོད་གླུ་ཁ་ཤས་ཡོད་པ་ལག་སོན་བྱུང་བར་བརྟེན་བཀག་ཉར་བྱས་ཏེ་ཉིན་གྲངས་བཞིའི་རིང་གཅར་རྡུང་འདྲ་མིན་བཏང་བ་དང་། མཐར་སྤྱི་ཚེས༢༤ཉིན་བལ་བོད་ས་མཚམས་Kodariལ་ཡོད་པའི་བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག བལ་ཡུལ་ས་མཚམས་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་ ཁོང་བལ་ཡུལ་རྒྱལ་སའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་འདུག་པ་དང་། དེར་འདྲི་རྕད་སྐབས་ཁོང་བལ་ཡུལ་རྒྱལ་ཁོངས་ལ་ཁྲིམས་འགལ་འཛུལ་ཞུགས་བྱས་བའི་ཉེས་འཛུགས་ཀྱིས་ཨ་སྒོར་༣༧དང་བལ་སྒོར་༡༥༠༠༠ལྷག་གི་མ་དངུལ་གྱི་ཉེས་ཆད་བཏང་འདུག
དེའི་ཐད་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་ཡོད་ནས་བརྗོད་དོན། བོད་མི་ཁོང་ཕྱི་ཚེས༢༩ཉིན་བལ་ཡུལ་ནས་རྒྱ་གར་ས་མཚམས་ཕྱོགས་སུ་ཕྱིར་བུད་བྱས་ཡོད་པ་དང་། ཁོང་ནི་བོད་མདོ་སྨད་ནས་ཡིན་ཞིང་། རང་ལོ་༣༢ཙམ་ཡིན་པ་རེད་འདུག
ཉེ་བའི་ལོ་དུས་ནང་། ཉེ་བའི་ལོ་དུས་ནང་རྒྱ་ནག་གིས་བོད་ནང་དང་། ལྷག་དོན་བོད་ཀྱི་མཐའ་མཚམས་ཁག་ལ་དམ་དྲག་བྱས་བར་བརྟེན་འདས་ལོར་བོད་ནས་བོད་མི་བྲོས་བྱོལ་བ་མི་གྲངས་༡༢༠ཙམ་ལས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ཐུབ་མེད་པ་རེད། དེ་བཞིན་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་དུ་ཡོང་མཁན་ཚོར་བཙན་ཤེད་དང་། འཇུ་བཟུང་། རྒྱ་ནག་ལ་རྩིས་སྤྲོད་བྱས་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་ཕྲད་བཞིན་ཡོད་པ་དེ་ལྟར་ཡང་ཟླ་ཤས་གོང་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་བཏོན་པའི་སྙན་ཐོའི་ནང་ཞིབ་ཕྲ་གསལ་འདོན་བྱུང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།