བཀའ་བློན་ཁྲི་པ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས།

བཀའ་བློན་ཁྲི་པ་མཆོག་ལ་བྱང་ཨ་མེ་རི་ཁའི་བོད་རིགས་སྤྱི་མཐུན་ཚོགས་པས་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་རེད།

2011.07.16

༄༅༎བོད་མི་མང་གི་ཐད་ཀར་འོས་འདེམས་གནང་བའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བྱང་ཨ་མེ་རི་ཁའི་བོད་རིགས་སྤྱི་མཐུན་ཚོགས་པས་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་རེད། ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཁུལ་དུ་ཡོད་པའི་ལྦེ་རའེ་ཛོན་ཚོགས་ཁང་ཆེན་མོའི་ནང་ཆོས་ཞུ་བ་ཁྲི་གཅིག་སྐོར་འདུ་འཛོམས་སར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པར་ལྟར་ཞལ་བཞེས་གནང་སྟེ་བྱང་ཨ་རིའི་བོད་མིའི་ཐུགས་རྗེ་ཆེ་ཞུའིགཟེངས་རྟགས་དེ་༧གོང་ས་མཆོག་གིས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འབུལ་བཞེས་གནང་སོང་། ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་དེ་འབུལ་བཞེས་མ་གནང་གོང་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱི་བོད་ཡིག་དང་།   སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དབྱིན་སྐད་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཛད་རྗེས་སྙིང་བསྡུས་སྙན་སྒྲོན་ཞུས་གནང་སོང་།    མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནི། བཙན་བྱོལ་དུ་འབྱོར་ནས་བཟུང་ད་བར་བོད་མིའི་སྤྱི་ཚོགས་ནང་བོད་བསྟན་པ་ཆབ་སྲིད་ཀྱི་ལས་དོན་ནང་བཞུགས་གནང་ཡོད་ཅིང་།    ལྷག་པར་དུ་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཙམ་རིང་། ཐོག་མར་བོད་མི་མང་གི་སྤྱི་འཐུས་སུ་༧གོང་ས་མཆོག་གིས་ཐད་བསྐོས་གནང་བ་ནས་བཟུང་སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་ཡོད་པ་རེད།

དེ་ཡང་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་སྐབས་བཅུ་པའི་སྤྱི་འཐུས་དེ་བཞིན་ཁྲིམས་བཟོའི་ལྷན་ཚོགས་ཀྱི་ངོ་བོར་འགྱུར་ནས་ཕྱི་ལོ་༡༩༩༡་ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ཡོད་པ་དང་། དེ་ནས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བོད་མི་མང་གིས་ཐད་ཀར་འོས་འདེམས་གནང་བའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བ་ནས་བཟུང་སྐབས་གཉིས་རིང་བཀའ་བློན་ཁྲི་པ་གནང་ཡོད་པ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་བློན་ཡུན་ཚད་གཉིས་བསྟུད་མར་གནང་ཆོག་གི་མེད་སྟབས། རིང་མིན་ཕྱི་ཟླ་༨་པའི་ཚེས་༡༥་ཉིན་ནས་བཀའ་བློན་ཁྲི་ཟུར་ཆགས་ཀྱི་ཡོད་པ་རེད།    དེ་སྔོན་བོད་མིའི་སྡེ་ཚོགས་ཁག་ཅིག་གིས་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་འབུལ་ལམ་ཞུས་་ཡོད་པ་ལྟར།    ད་ལམ་བྱང་ཨ་རིའི་བོད་རིགས་རྣམས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་མ་ཟད། མཁས་དབང་ཟམ་གདོང་རིན་པོ་ཆེའི་མཚན་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་རྒྱ་གར་ནང་འབུམ་རམ་པའི་སློབ་གཉེར་ཚོས་སློབ་ཡོན་གནང་རྒྱུའི་ཆ་རྐྱེན་དུ་འཇོག་གནང་མཛད་པའི་གསལ་བསྒྲགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎