ཤེས་རབ་དགའ་ཚལ་གླིང་གི་འཛིན་སྐྱོང་སྤོ་བསྒྱུར།
2011.01.05
༄༅༎བཞུགས་སྒར་རྡ་སའི་ཉེ་འགྲམ་ཤེས་རབ་དགའ་ཚལ་སློབ་གླིང་གི་འཛིན་སྐྱོང་སམ་བྷོ་ཊའི་ཁྱབ་ཁོངས་བཅུགས་གནང་འདུག། འཛིན་སྐྱོང་སྤོ་བསྒྱུར་གྱི་མཛད་སྒོ་ཞིག་ཁ་ས་ཉིན་རྒྱབ་སློབ་གྲྭའི་ཚོགས་ཁང་དུ་གནང་ཡོད་པ་དང༌། དེའི་ཐོག་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་། དྲུང་འཕར་བཀྲ་ཤིས་སྒྲོལ་མ་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་དག་ལགས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཟླ་བ་རྡོ་རྗེ་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་བུ་ཕྲུག་ཤཱསྟྲི་ལགས། སློབ་སྤྱི་ཚེ་གྲུབ་རྡོ་རྗེ་ལགས་ཀྱིས་གཙོས་འབྲེལ་ཡོད་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་༥༠༠བརྒལ་བ་འདུ་འཛོམས་གནང་ཡོད་པ་རེད།
ཐོག་མར་སློབ་གྲྭའི་འགན་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་དེ་རྗེས་སམ་བྷོ་ཊ་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་མཛད་སྒོར་ཕེབས་མཁན་ཚང་མར་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་དོན། རྩ་བའི་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་འདི་ནི་ཕྲུ་གུའི་ཤེས་ཡོན་ཐོག་ལས་ཀ་བྱེད་མཁན་གྱི་སྡེ་ཚན་ཞིག་ཆགས་ཡོད་ལ། ཕྲུ་གུའི་ལོ་ཚད་ལ་ཆ་བཞག་ནའང་ལོ་གསུམ་ནས་
བཅོ་བརྒྱད་བར་ཡིན་ནའང༌། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོ་ལོ་ཚད་རྒན་པ་ཤ་སྟག་ཡིན་སྟབས་ཕྲན་བུ་མི་འདྲ་བ་ཞིག་ཆགས་ཡོད་པའི་སྐོར་གསུངས་ཏེ། སློབ་མ་ཚོ་རྒྱ་གར་དུ་ཡོང་དགོས་དོན་ཡང་བོད་ནང་ལྟོ་གོས་ཀྱི་དཀའ་ངལ་ཡོད་པའི་རྐྱེན་གྱིས་ཡོང་བ་ཞིག་མིན་པར། རང་སྲོག་འབེན་ལ་བཙུགས་ནས་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་ནི་བོད་ནང་སློབ་སྦྱོང་སོགས་ཀྱི་གོ་སྐབས་མ་ཐོབ་པ་དེ་བཙན་བྱོལ་དུ་རག་གི་ཡོད་སྟབས་ཡོང་བ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བཞག།
དེ་ནས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། ཤེས་རབ་དགའ་ཚལ་སློབ་གླིང་དེ་བཞིན་སམ་བྷོ་ཊའི་འཛིན་སྐྱོང་འོག་བཞག་གནང་ཡག་དེ་ད་ཕྱིན་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་དུ་འགྲོ་རྒྱུའི་ཆེད་ཡིན་པ་དང༌། སློབ་གྲྭ་དེའི་ནང་གི་སློབ་ཕྲུག་ཚོ་བོད་ནང་གི་སྐུ་ཚབ་མཚོན་གྱི་ཡོད་སྟབས་སློབ་སྦྱོང་གནང་ཡག་དེ་ལྟོ་གོས་ཙམ་གྱི་ཆེད་དུ་མ་ཡིན་པར་བོད་མི་རིགས་དང་
འཛམ་གླིང་ཞི་བདེའི་སླད་ཡིན་སྟབས་སློབ་ཕྲུག་ཚོའི་ནང་ནས་བཙན་བྱོལ་སྒྲིག་འཛུགས་ནང་ཕྱག་ལས་གནང་ཐུབ་པའི་རེ་བ་དང་སློབ་སྦྱོང་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་དང༌། དེ་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་གྲུབ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་གནང་ཡོད་པའི་གནས་ཚུལ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་བཀོད་གནང་བཞག།