རྒྱ་ནག་གིས་འཇིག་རྟེན་འཕུར་བསྐྱོད་ཀྱི་ལས་འཆར་སྐོར།
2008.09.24
༄༅༎རྒྱ་ནག་གིས་འཇིག་རྟེན་འཕུར་བསྐྱོད་ཀྱི་ལས་དོན་ཐད་ཨུ་རུ་སུའི་འཕྲུལ་རིག་མཁས་ཅན་གྱིས་རོགས་རམ་གནང་བཞིན་ཡོད་པ་རེད་ཅེས་རྒྱ་ནག་གི་མཁའ་དབྱིངས་ལས་དོན་འཆར་གཞི་ལྷན་ཁང་གི་མགྲིན་ཚབ་པས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་གནང་བཞག
རྒྱ་ནག་གི་འཇིག་རྟེན་འཕུར་བསྐྱོད་གནམ་གྲུ་རྟགས་ཅན་ཧྲེན་ཀྲུའུ་བདུན་པ་རྟགས་ཅན་གྱི་ནང་རྒྱ་མི་རིགས་གཉིས་དང་ཨུ་རུ་སུའི་འཕྲུལ་རིག་མཁས་ཅན་གཅིག་བཅས་མི་སྣ་གསུམ་བདུན་ཕྲག་འདིའི་ནང་ཐོག་མར་མཁའ་དབྱིངས་སུ་སྐྱོད་འགོ་ཚུགས་ཡོད་པ་རེད་ཅེས་མཁའ་དབྱིངས་གནམ་གྲུའི་ལས་དོན་འཆར་གཞི་ལྷན་ཁང་གི་མགྲིན་ཚབ་པ་ལྦང་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད་ ཡང་ལྦང་གིས་ད་ལྟ་མཁའ་དབྱིངས་གནམ་གྲུའི་ནང་ཡོད་པའི་རྒྱ་མི་རིགས་དེ་གཉིས་ཨུ་རུ་སུའི་འཕྲུལ་རིག་མཁས་ཅན་གྱི་རྒྱབ་སྐྱོར་འོག་རང་ཉིད་ཀྱི་དམིགས་ཡུལ་གྲུབ་བཞིན་ཡོད་པ་རེད་ཅེས་མུ་མཐུད་འགྲེལ་བརྗོད་གནང་འདུག ད་རེས་རྒྱ་ནག་གི་མཁའ་དབྱིངས་ནང་འགྲོ་བསྐྱོད་བྱེད་རྒྱུའི་རྒྱ་ནག་གི་ལས་དོན་དམིགས་ཡུལ་དེ་བཞིན་ཕྱི་ལོ་༢༠༠༣ལོའི་ནང་རྒྱ་ནག་གིས་ཐོག་མའི་མཁའ་དབྱིངས་ཐོག་བསྐྱོད་པའི་ལས་དོན་གྱི་དམིགས་ཡུལ་ལས་གལ་གནད་ཆེ་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད་ ཡང་རྒྱ་ནག་ཕྱོགས་ནས་མཁའ་དབྱིངས་ནང་འགྲོ་བསྐྱོད་བྱེད་རྒྱུའི་དྲག་པོའི་དམག་འཐབ་ཀྱི་ལས་འཆར་དེ་རྒྱ་ནག་རང་གི་འཕྲུལ་རིག་ལག་རྩལ་བ་ཚོར་བརྟེན་ནས་བྱུང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད་ཀྱང་ཨུ་རུ་སུའི་ངོས་ནས་དེའི་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་རེད་ སྐབས་རེ་རྒྱ་ནག་གི་མཁའ་དབྱིངས་ལས་གཞི་དེའི་ཐོག་ཨུ་རུ་སུའི་ངོས་ནས་རྩལ་རིག་ཐོག་མཐུན་འགྱུར་ཆེན་པོ་གནང་ཡང་ལས་དོན་དེའི་མཐུན་སྐྱེན་སོགས་ཆ་ཚང་རྒྱ་ནག་རང་ནས་གྲ་སྒྲིག་ཞུས་པ་ཞིག་ཡིན་ལུགས་ཀྱང་བརྗོད་ཀྱི་ཡོད་པ་རེད།