ཐའེ་ལྦན་དུ་གྲ་ཚེ་དབང་ནོར་བུའི་ཞེ་དགུའི་དུས་དྲན།
2011.10.03
༄༅༎ཐའེ་ལྦན་གྱི་རྒྱལ་སའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་དང་ཐའེ་ལྦན་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་གིས་མདོ་ཁམས་དཀར་མཛེས་རྟའུ་ཉི་འཚོ་དགོན་པའི་སྐུ་ཞབས་ཚེ་དབང་ནོར་བུ་དམ་པ་དེ་ཡིས་བོད་ཀྱི་རྩ་དོན་སླད་དུ་རང་སྲོག་མེར་བསྲེགས་བཏང་སྟེ་ ཉིན་གྲངས་ ༤༩ སོང་བའི་དུས་དྲན་སྲུང་བརྩི་ཞུ་བ་དང་སྦྲགས་ རྒྱ་ནག་གཞུང་གིས་བོད་ཐོག་དམ་བསྒྲཌ་མུ་མཐུད་བྱེད་པར་ངོ་རྒོལ་གྱི་རྣམ་འགྱུར་འགྲེམས་སྟོན་བྱེད་ཕྱིར་ མི་གྲངས་ ༤༩ ཡིས་ ཐའེ་ལྦན་གྱི་རྒྱལ་སའི་ཁྲོམ་གཞུང་བརྒྱུད་རྐང་འཁོར་བཞོན་ཏེ་ཞི་བའི་ལས་འགུལ་སྤེལ་ཡོད་པ་རེད་ ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་ཚོས་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་དང་ རྒྱ་མི་རྒྱ་ནག་ཏུ་ཕྱིར་ལོག་དགོས་སོགས་ཀྱི་སྐད་འབོད་རྒྱབ་ཡོད་པ་དང་ འགའ་ཞིག་གིས་རྐང་འཁོར་སྒང་ལ་བོད་ཀྱི་རྒྱལ་དར་ནམ་མཁར་འཕྱར་ཡོད་པ་རེད་ ཐའེ་ལྦན་ནང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་སྐབས་དེར་ དེར་འཛོམས་པའི་མི་མང་རྣམས་ལ་གསུང་བཤད་གནང་སྐབས་ བོད་མིའི་རང་དབང་དང་ཐོབ་ཐང་ བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ ང་ཚོའི་ལས་འགན་རེད་ལ་ ང་ཚོའི་རང་དབང་དོན་དུ་སོ་སོའི་སྲོག་དེ་བློས་གཏོང་དགོས་ནའང་ གཏོང་གི་ཡིན་ཞེས་དྲིལ་བསྒྲགས་གནང་འདུག་ སྐབས་དེར་ ཐའེ་ལྦན་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཕོང་ཅུན་ཧྲན་གྱིས་ ཚེ་དབང་ནོར་བུ་དམ་པ་དེ་ལ་སོགས་པའི་བོད་ནང་གི་བོད་མི་ཚོར་ རང་སྲོག་རང་གིས་གཅོད་དགོས་པའི་གནས་སྟངས་ག་པར་ཐུག་གི་ཡོད་པའི་ཐད་ ང་ཚོས་བསམ་བློ་གཏོང་དགོས་ཀྱི་རེད་ལ་ ཐབས་ལམ་ཞིག་ཀྱང་འཚོལ་དགོས་ཀྱི་རེད་ཅེས་བརྗོད་འདུག་ ཁོང་གིས་ཐའེ་ལྦན་གྱི་སྲིད་འཛིན་མཱ་ཡིང་ཇུ་མཆོག་ལའང་ ཁྱེད་ཀྱིས་ ༢༠༠༨ ལོར་ བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་གི་ཡིན་ལ་ ཏྰ་ལའི་བླ་མ་མཆོག་ལའང་རྒྱབ་སྐྱོར་གནང་གི་ཡིན་ཞེས་ཁས་ལེན་གནང་བ་ཁག་ཕྱག་ལེན་དངོས་སུ་འགེལ་བའི་རེ་སྐུལ་ཞུས་ཡོད་པ་རེད།