༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་བྱུས་ངན་རྩོམ་བཞིན་པར་སྐྱོན་བརྗོད།
2019.09.23
མ་འོངས་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་བྱུས་ངན་རྩོམ་བཞིན་པར་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོས་སྐྱོན་བརྗོད་གནང་འདུག
ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་རྒྱ་གར་གྱི་(RSS)་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་(Indresh Kumar)་ལགས་ཀྱིས། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བྱུས་ངན་རྩོམ་བཞིན་པ་དེར་དགག་པ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
དེ་ཡང་ཕྱི་ཚེས་༢༢ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Indira Gandhi)་རྒྱལ་ཡོངས་སྒྱུ་རྩལ་བསྟི་གནས་ཁང་དུ། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་སྐོང་ཚོགས་གནང་ཡོད་པ་རེད། ཧིན་བོད་མཛའ་འབྲེལ་ཚོགས་པའི་འབྲེལ་མཐུད་པས་གནས་ཚུལ་སྤེལ་གསལ་ལྟར་ན། ཚོགས་ཐོག་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་(RSS)་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Indresh Kumar)་མཆོག་གིས། རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བྱུས་ངན་རྩོམ་བཞིན་པ་དེར་མཐའ་གཅིག་ཏུ་དགག་པ་རྒྱབ་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་བཟང་སྤྱོད་གང་གི་ཐད་ནས་ཡོངས་སུ་འགལ་ཡོད་པ་སྐྱོན་བརྗོད་གནང་པ་དང་། འདུ་འཛོམས་འདིའི་ཐོག་ནས་བོད་དང་བོད་མི་ཚོར་རྒྱབ་སྐྱོར་མཚོན་བཞིན་ཡོད་པ་ནན་བརྗོད་གནང་འདུག
ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༢༠་འཁོར་བའི་ཉིན་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། ད་བར་བོད་དོན་ཆེད་རྒྱབ་སྐྱོར་ལྷོད་མེད་གནང་པར་ཐུགས་རྗེ་ཆེ་ཞུས་ཞིང་། ལོ་ངོ་ ༦༠་གོང་དུ་སྲིད་བློན་(Nehru)་སྐབས། རྒྱ་གར་གྱི་ནང་སྲིད་བློན་ཆེན་(Vallabhbhai Patel)་མཆོག་གིས། རྒྱ་ནག་གིས་བོད་བཙན་འཛུལ་བྱས་པའི་གནས་སྟངས་དེས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་བཟོ་ཉེན་ཆེ་བར་བརྟེན་བོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་གནང་པ་དྲན་གསོ་ཞུས་པའི་ཐོག་ད་ཆ་རྒྱ་བོད་ས་མཚམས་ཁུལ་དུ་རྒྱ་གར་གཞུང་གིས་བདེ་སྲུང་ཆེད་འགྲོ་གྲོན་སྒོར་མོ་ས་ཡ་མང་པོ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད་པ་གསལ་འདོན་གནང་བ་དང་། འཕགས་བོད་གཉིས་དབར་སྔ་རབས་ནས་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པའི་གནས་ལུགས་གསལ་འདོན་གནང་སྟེ། ད་ལྟའི་བོད་ཀྱི་གནས་སྟངས་སྐོར་གསུང་པའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ཡ་ཆེན་སྒར་དང་གསེར་རྟ་བླ་རུང་སྒར་སོགས་གཏོར་བཤིག་ཚབས་ཆེ་བཏང་དང་གཏོང་བཞིན་པ་མ་ཟད། དགོན་པ་དེ་དག་གི་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་དང་གཏོང་བཞིན་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༠༩་ནས་ད་བར་བོད་མི་༡༥༣་གྱིས་རང་ལུས་མེར་སྲེག་ལམ་ནས་ཞི་རྒོལ་རྔམ་སྟོན་བྱས་ཡོད་པ་འགྲེལ་བརྗོད་གནང་འདུག