༧གོང་ས་མཆོག་གིས་ཨིསི་ཊོ་ནི་ཡ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ Roy Strider ལགས་སོགས་ལ་མཇལ་ཁ་སྩལ་ཡོད་པ།

2024.12.27
༧གོང་ས་མཆོག་གིས་ཨིསི་ཊོ་ནི་ཡ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ Roy Strider ལགས་སོགས་ལ་མཇལ་ཁ་སྩལ་ཡོད་པ། ཨིསི་ཊོ་ནི་ཡ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་དང་གནད་ཡོད་མི་སྣ་ཁག་ཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་སྐབས། ༢༠༢༤།༡༢།༢༧ ཉིན།
OHHDL

ཡོ་རོབ་ཨིསི་ཊོ་ནི་ཡ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོའི་སིཊཡེ་ཌར་ (Roy Strider)ལགས་ཀྱིས། ཨིསི་ཊོ་ནི་ཡ་གྲོས་ཚོགས་ཀྱི་ཚོགས་གཙོའི་མཚན་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སུ་འཚམས་འཕྲིན་གྱི་ཕྱག་བྲིས་གནང་ཡོད་པ་བསྣམས་ཏེ་བཞུགས་སྒར་དུ་བཅར་ཡོད་པར། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཕྱི་ཟླ་ ༡༢ ཚེས་ ༢༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ་འཚམས་འཕྲིན་དེ་ཕུལ་ཡོད་པ་དང་།  སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་འཁྲུངས་སྐར་གྱི་འཚམས་འདྲི་སོགས་སྩལ་ཡོད་པ། འབྲེལ་མཐུད་པ་རོའི་སིཊཡེ་ཌར་ (Roy Strider) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག

A9302895.jpg
ཨིསི་ཊོ་ནི་ཡ་རྒྱལ་ཁབ་ནང་གི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོའི་སིཊཡེ་ཌར་(Roy Strider)ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་སྐབས། ༢༠༢༤།༡༢།༢༧ ཉིན།

རོའི་སིཊཡེ་ཌར་ (Roy Strider) ལགས་ཀྱིས་གསུངས་དོན་དུ། “ངས་འདི་གར་ཨིསི་ཊོ་ནི་ཡ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་གུས་བརྩི་ཡོད་པའི་མི་སྣ་རུ་ཁག་ཅིག་སྣེ་ཁྲིད་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་དང་ཆབས་ཅིག མགོན་པོ་གང་ཉིད་དང་མཉམ་དུ་ཡེ་ཤུའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་ཆུང་ངུ་ཞིག་ཀྱང་ཞུས་པ་མ་ཟད། ཨིསི་ཊོ་ནི་ཡ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་༧གོང་ས་མཆོག་ལ་འཚམས་འཕྲིན་ཕུལ་ཡོད་པ་དེ། མགོན་པོ་གང་ཉིད་ལ་དངོས་སུ་ཕུལ་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་། ང་ཚོ་ཨིསི་ཊོ་ནི་ཡ་དང་བོད་གཉིས་ཀྱི་ལས་དབང་འདྲ་བོ་དང་ལས་འབྲེལ་ཟབ་མོ་ཞིག་ཀྱང་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པས། ང་ཚོའི་ཕན་ཚུན་གྱི་བདེ་སྡུག་ལ་བསམ་ཤེས་དང་ཤ་ཚ་ཡག་པོ་ཡོང་ངེས་པ་ཞིག་དང་། ང་ཚོ་འདི་གར་མུ་མཐུད་ཡོང་སྟེ་བོད་དོན་ལ་རྒྱབ་སྐྱོར་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད་”ཅེས་ངོ་སྤྲོད་གནང་གི་འདུག

ཨིསི་ཊོ་ནི་ཡ་རྒྱལ་ཁབ་ཀྱི་སྒྱུ་རྩལ་བ་སོགས་སྤྱི་ཚོགས་ནང་ཆེ་མཐོང་ལྡན་པའི་མི་སྣ་ཁག་ཅིག་ལས་གྲུབ་པའི་རུ་ཁག་དེས།  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་མཇལ་འཕྲད་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་བཅས་ལ་གཟིགས་སྐོར་མཇལ་འཕྲད་ཀྱིས་ཕན་ཚུན་དགོངས་ཚུལ་བརྗེ་རེས་དང་། དམིགས་བསལ་ཨིསི་ཊོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་འཚམས་འཕྲིན་རེ་གནང་པ་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཕུལ་ཡོད་པ་རེད།།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎